༢༠༡༤ ཟླ་ ༩ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༥ དགེ་རྒན་གྱི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ལ་སྨན་པའི་དྲ་ཚིགས་གསར་པ། www.tibetanteachers.com དབུ་འབྱེད་གནང་ཡོད། དེ་ཡང་ཤེས་རིག་ལས་ཁུངས་ནས་དྲ་ཚིགས་དབུ་འབྱེད་དང་འབྲེལ་འགྲེམས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན།
དབུ་འབྱེད་གནང་རྒྱུའི་དྲ་ཚིགས་གསར་པ་འདིར། རང་རེའི་སློབ་དགེ་ཚོར་སྨན་པའི་ཤེས་ཡོན་དང་འབྲེལ་བའི་གནས་དོན་གལ་ཆེ་ཁག་ཡོད་པ་མ་ཟད། ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གང་ཟག་ཕན་ཚུན་དབར་ཤེས་བྱ་དང་ཉམས་མྱོང་བརྗེ་རེས་ཀྱི་གླེང་སྟེགས་ཤིག་ཀྱང་བསྐྲུན་ཡོད། འདིར་སློབ་ཚན་འཆར་འགོད་དང་། ཤེས་ཡོན་སྐོར་གྱི་རྩོམ་བྲིས། ཁྱད་ལས་ཡར་རྒྱས་ལ་མཁོ་གལ་ཆེ་བའི་དཔེ་དེབ། འབྲེལ་ཡོད་དྲ་ཚིགས་གཞན་དང་མཐུད་ལམ་ལྟ་བུའི་སྡེ་ཚན་སྣ་ཚོགས་ཡོད། འདིའི་དམིགས་ཡུལ་གཙོ་བོ་སློབ་ཁྲིད་ལ་མཁོ་བའི་རྒྱུ་ཆ་རྣམས་སྟབས་བདེར་ཐོབ་པ་བརྟེན་ནས་དགེ་རྒན་ཚོས་སློབ་ཁྲིད་ཀྱི་སྒྱུ་རྩལ་གོང་སྤེལ་ཡོང་བའི་རེ་བ་ཡོད།
དྲ་ཚིགས་འདི་ཉིད་ཉེ་ལམ་ཤེས་རིག་ལས་ཁུངས་ནས་འགོ་འཛུགས་བྱས་པའི་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་བའི་ལས་གཞིའི་ཆ་ཤས་ཤིག་དང་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་གསར་པ་རྣམས་དང་ལེན་གྱི་མཐུན་རྐྱེན་བསྐྲུན་པའི་ཆེད་དུ་ཡིན། ཐབས་ལམ་གསར་པ་འདི་དག་ནས་སློབ་གྲྭའི་དགོས་མཁོར་གཞིགས་ཏེ་དགེ་རྒན་རང་ཉིད་ནས་སྣེ་ཁྲིད་པ་དང་། མཉམ་སྦྲེལ་བྱེད་པ། རྒྱུན་བསྲིང་གི་ལམ་ནས་སློབ་གྲྭ་སོ་སོའི་ནང་རང་ནུས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་བྱེད་པ་ལས་དབུས་ནས་ཐེངས་གཅིག་ཟབ་སྦྱོང་སྤྲོད་སྲོལ་ལ་དམ་འཇོག་བྱེད་ཀྱི་མེད།
དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ཀྱི་ལས་གཞི་འདིའི་ཁོངས་སུ་ཤེས་རིག་ལས་ཁུངས་ཀྱིས་ད་བར།
༡། རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སློབ་གྲྭ་ཁག་གི་ཆེད་དགེ་རྒན་གྱི་ཁྱད་ལས་ལག་དེབ་དང་།
༢། སློབ་གྲྭའི་འགན་འཛིན་རྣམ་པར་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཀྱི་ཟབ་སྦྱོང་།
༣། མཉམ་རུབ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཐབས་ངོ་སྤྲོད།
༤། འགོ་འཛུགས་སློབ་ཁག་ ༡༡ ནང་དགེ་རྒན་ཚོའི་ཆེད་དཔེ་དེབ་ཀློག་གནས་གསར་བསྐྲུན་བཅས་བྱས་ཡོད།
ཤེས་རིག་ལས་ཁུངས་ཀྱིས་དེ་སྔ་སྤེལ་བའི་བྱེད་སྒོ་རྣམས་དང་། ད་རེས་དྲ་ཚིགས་གསར་གཏོད་བྱས་པ་ལ་བརྟེན་ནས་དགེ་རྒན་རྣམ་པས་རང་དོན་རང་གཅེས་ཀྱི་ཤེས་ཚད་དང་ཁྱད་ལས་གོང་འཕེལ་དང་མཉམ་རུབ་ཀྱི་འབད་རྩོལ་བརྒྱུད་དེ་འཛིན་གྲྭར་སློབ་ཁྲིད་ཀྱི་ཐབས་ལམ་ཡར་རྒྱས་ཡོང་བའི་ཕུག་རེ་བཅོལ་གྱི་ཡོད། བོད་ཀྱི་ཐེབས་རྩ་ཁང་བརྒྱུད་དེ་ཨ་རིའི་རོགས་དངུལ་ནས་ལས་གཞི་འདིའི་འགྲོ་གྲོན་གྱི་ཆ་ཤས་ཤིག་མཐུན་འགྱུར་གནང་བར་ལེགས་གསོལ་བཅས་ཤེསརིག་ལས་ཁུངས་ནས་ ༢༠༡༤ ཟླ་ ༩ ཚེས་ ༥ ལ། ཞེས་འཁོད་འདུག