༢༠༡༤ ཟླ་ ༩ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་ནག་གཞུང་གིས་བོད་མི་གར་སོང་ཆ་མེད་དུ་བཏང་དང་གཏོང་བཞིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣༠ ཉིན་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ནས་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ཞི་རྒོལ་ཆེད་བོད་མིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང། རྒྱ་ནག་གཞུང་ནས་བོད་མིའི་ཐོག་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མིས་གཙོས་སྤུན་མཆེད་དང་མཛའ་གྲོགས། དོན་རྐྱེན་དངོས་སུ་མཐོང་མཁན་རྣམ་པ་དང་། ཐ་ན། བོད་མིའི་སྤྱི་ཚོགས་ཧྲིལ་པོ་དམ་བསྒྲགས་བྱས་ཡོད། ལྷག་པར་དོན་མེད་བོད་མི་མང་དག་ཅིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། གར་སོང་ཆ་མེད་ཀྱི་གཏོང་རྒྱུའི་གནས་ཚུལ་མང་དུ་བཏང་འདུག དེ་བཞིན་ཕྱི་ལོ་ ༢༠༠༨ ནས་གར་སོང་ཆད་མེད་དུ་གྱུར་བའི་བོད་མི་རྣམས་ལ་རྒྱ་ནག་གཞུང་ནས་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་བཏང་རྐྱེན་ཁོང་རྣམ་པ་གློད་བཀྲོལ་རྗེས་སེམས་མ་བདེ་བས་མཚོན་དབང་པོ་སྐྱོན་ཅན་དང། འགའ་ཞིག་ནད་གཅོང་དང་ཁག་གཅིག་རྐྱེན་ལམ་དུ་བཏང་ཡོད། དེར་བརྟེན་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་མཚམས་འཇོག་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་གར་སོང་ཆ་མེད་དུ་གྱུར་བའི་སྐོར་ལ་དྲི་བ་གཏོང་དགོས་སྐོར་སོགས་འཁོད་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གྱིས་གསུང་གསལ། རྒྱ་ནག་གཞུང་གིས་བོད་མི་གར་སོང་ཆ་མེད་དུ་གཏོང་བཞིན་པའི་ཐབས་བྱུས་དེ་ནི་བོད་མིར་འཇིགས་སྐུལ་དང་དམར་ཤོག་ཚོགས་པར་དགའ་ཞེན་ཡོང་ཆེད་རེད། ང་ཚོའི་ངོས་ནས་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་གྱིས་མཚོན་དེ་འབྲེལ་བོད་མི་གར་སོང་ཆ་མེད་དུ་གྱུར་བའི་ཐོག་སེམས་འཚབ་ཆེན་པོ་ཡོད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་བོད་མི་གར་སོང་ཆ་མེད་དུ་གྱུར་བའི་ཐོག་དྲི་བ་བཏང་སྟེ། མ་འོངས་པར་གནས་ཚུལ་དེའི་རིགས་མ་ཡོང་བ་བྱེད་ཐབས་ལ་འབད་བརྩོན་བྱེད་དགོས། ཞེས་སོགས་ཀྱི་འབོད་སྐུལ་ཞུས་འདུག