༢༠༡༤ ཟླ་ ༩ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༧ ཚེས་ ༨ དང་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་བོད་ལྗོངས་མང་གཙོའི་ལམ་བཟང་དབུ་བརྙེས་ཏེ་ལོ་ངོ་ ༥༤ འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༨།༣༠ ཐོག་སེར་སྐྱ་མི་མང་རྣམས་རྟེན་མཁར་མདུན་དུ་ཚང་འཛོམས་ཀྱི་གཞུང་རྟེན་ལྷ་སྲུང་ཁག་ལ་འཕྲིན་བསྐུལ་དང་བསངས་གསོལ་གཟབ་རྒྱས་གནང་། དེ་ནས་ཀུམ་རའོ་ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་སེར་སྐྱ་མི་མང་རྣམས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་མཁན་སྤྲུལ་གྲའུ་མཻ་རྒན་རིན་པོ་ཆེ་མཆོག་སྐྱེ་དགོན་བརྩེ་ཆེན་བསམ་འགྲུབ་གླིང་དགོན་པ་ནས་གདན་ཞུས་ཀྱིས་ཚོགས་ཁང་གི་བཞུགས་ཁྲིར་འཁོད་མཚམས་གཞིས་ལས་རྩིས་དྲུང་བསམ་གཏན་ཆོས་འཕེལ་ལགས་ཀྱིས་མཛད་རིམ་སྒྲོགས་སྦྱང་ཞུས་གྲུབ་མཚམས།
སྐུ་མགྲོན་གཙོ་བོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མར་མེ་ཞལ་ཕྱེ་དང་བཞུགས་ཁྲིར་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་རྗེས་ཚང་མ་སྐུ་བཞེངས་ཀྱི་འཕགས་བོད་གཉིས་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཐོག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་བཏང་། དེ་ནས་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་གནང་སྟེ། ཀུམ་རའོ་ན་གཞོན་རྣམས་ཀྱིས་མང་གཙོ་གསར་བཞད་བཏང་མཚམས་གཞིས་ལས་ཁང་ནས་རྟེན་འབྲེལ་མཚོན་ཆེད་ཀྱི་གསོལ་ཇ་དང་འབྲས་སིལ་ཕུལ་ཡོད།
ས་གནས་འགོ་འཛིན་དངོས་གྲུབ་འོད་ཟེར་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་སྐུ་མགྲོན་དང་སེར་སྐྱ་མི་མང་རྣམས་ལ་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་མཚོན་ཆེད་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་འཛུགས་གནང་སྟེ་ཕྱི་ལོ་ ༢༠༡༡ བར་མང་གཙོའི་འཕེལ་རིམ་སྐོར་ལོ་ཁམས་དང་བཅས་གནད་དོན་སྙིང་བསྡུས་མང་ཚོགས་ཀྱི་མཁྱེན་རྟོགས་དང་།
༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་ཞུ་སླད་སྐོར་གྱིས་མཚོན་དཔལ་ལྡན་བཀའ་ཤག་གི་གསུང་བཤད་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ངག་དབང་བློ་གྲོས་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་མང་ཚོགས་ལ་རིམ་བཞིན་སྒྲོགས་སྦྱང་ཞུས། སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་ནི་བོད་མི་མང་སྤྱི་འཐུས་སྐབས་དང་པོའི་སྤྱི་འཐུས་ཡིན་པར་བརྟེན། ཁོང་གིས་སེར་སྐྱ་མང་ཚོགས་ལ་ཐོག་མ་འཐུས་མི་ཡོང་ཁུངས་དང་། དེ་རྗེས་བཀའ་སྤྱི་ལྷན་རྒྱས་ནས་མང་ཚོགས་ལ་མང་གཙོའི་ལམ་ལུགས་ཇི་ཡིན་གོ་རྟོགས་སྤེལ་སྐོར། ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོ་ཁྱད་པར་ཅན་ཡིན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་སོགས་སྐབས་དེའི་གནས་སྟངས་དང་མྱོང་འཚོར། དེ་བཞིན་རིམ་པའི་མང་གཙོའི་འཕེལ་རིམ་སྐོར་བཅས་དོན་ཕན་ལྡན་པའི་གསུང་བཤད་གཟབ་རྒྱས་གནང་།
སྐུ་མགྲོན་གཙོ་བོ་སྐྱབས་རྗེ་མཁན་སྤྲུལ་གྲའུ་མཻ་རྒན་རིན་པོ་ཆེ་མཆོག་གིས་ཆོས་སྲིད་ཟུང་འབྲེལ་མང་གཙོའི་སྐོར་དང་། མང་གཙོ་ཡང་དག་པ་ཞིག་ཡོང་བར་རང་དབང་དང་། འདྲ་མཉམ། མཐུན་སྒྲིལ། དྲང་བདེན་དགོས་པ། དེ་བཞིན་འཛམ་གླིང་འདིའི་ནང་མང་གཙོའི་ལམ་ལུགས་ཐོག་སྐྱོད་མཁན་མང་ཤོས་ཤིག་ཡིན་པ་དང་། མི་མང་གཙོ་བོར་འཛིན་པའི་ཐོག་ནས་སྤྱི་ཚོགས་བདེ་སྐྱིད་དང་ཡར་རྒྱས་ཡོང་སླད་ཚང་མའི་འགན་འཁུར་མཉམ་འཁྱེར་གྱི་རང་གཞན་གཉིས་ཕན་གྱི་བསམ་བློ་འཁྱེར་དགོས་གལ་སོགས་ཆོས་སྲིད་གཉིས་ཐོག་གསུང་བཤད་ཟབ་རྒྱས་གནང་། མཐའ་དོན་སྒ་པ་བདེ་དོན་ཚོགས་པའི་ཚོགས་གཙོ་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དངོས་གཞིའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ།
དེ་ནས་སེར་སྐྱ་མི་མང་རྣམས་ལ་ཀུམ་རའོ་ན་གཞོན་ནང་ཁུལ་རྩེད་རིགས་འགྲན་བསྡུར་གྱིས་ལམ་ནས་ས་གནས་སུ་མང་གཙོའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་ཆབས་ཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཡང་ཞུས་ཡོད།།