༢༠༡༤ ཟླ་ ༩ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །རྒྱ་གར་མ་ཧཱ་རཱཤ་ཏྲ་མངའ་སྡེའི་རྒྱལ་ས་མུམ་བྷེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་ཚོང་ལས་སྒྲིག་འཛུགས་དང་དེའི་ཡན་ལག་བུད་མེད་ཚོང་ལས་སྒྲིག་འཛུགས་བཙུགས་ནས་ལོ་ངོ་ ༡༠༨ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༨ ཉིན་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ Secular Ethics བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་རྒྱ་གར་ཚོང་ལས་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྐུ་ཞབས་པྲ་བྷོཌ་ཐཀ་རེ་ Prabodh Thakker ལགས་ཀྱིས་༸གོང་ས་མཆོག་ཚོགས་ཁང་ YB Chavan Auditorium ནང་ཕེབས་བསུ་གཟབ་རྒྱས་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་མགོན་པོ་གང་ཉིད་མཆོག་དང་ཡན་ལག་བུད་མེད་ཚོང་ལས་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་པ་ལྕམ་སྐུ་ལི་ན་ཝིདྱཱ་Ms Leena Vaidya ལགས་ཀྱིས་མཆོད་མེ་ཞལ་ཕྱེ་མཛད། དེ་ནས་འགན་འཛིན་ཟུར་པས་ཚོགས་བཅར་བ་མི་གྲངས་ ༦༠༠ ལྷག་ཡོད་པ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཁྱེད་ཚོས་ལོ་གཉིས་ཙམ་གོང་ནས་ངོས་ལ་མགྲོན་འབོད་གནང་བྱུང་། དེར་བརྟེན་དེ་རིང་ངོས་རང་དངོས་སུ་འདིར་བཅར་ནས་ཁྱེད་རྣམ་པ་དང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་རྒྱུན་ལྡན་མི་སུ་འདྲ་ཞིག་ཐུག་སྐབས་འགྲོ་བ་མི་གཅིག་པ་ཞིག་ཡིན་བསམ་པའི་འདུ་ཤེས་ཡོང་བཞིན་འདུག ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཆགས་ཡོད། རྒྱུ་མཚན་གང་ཡིན་བརྗོད་ན། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་བསམ་པའི་འདུ་ཤེས་འཛིན་རྒྱུའི་ཚབ་ཏུ་ང་ཚོ་ཕན་ཚུན་དབར་ཐོབ་གོ་ས་དང་། དབུལ་ཕྱུག མི་རིགས། ཆོས་ལུགས་སོགས་ཕྲན་བུའི་ཁྱད་པར་ཡོད་པ་དེ་དག་གནད་དོན་གཙོ་བོ་ལྟ་བུ་རྩིས་པར་བརྟེན་རྙོག་གྲ་འབྱུང་བཞིན་ཡོད། གལ་ཏེ་ང་ཚོས་འགྲོ་བ་མི་ཚང་མར་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་ཚེ་མི་ཕན་ཚུན་དབར་རྙོག་གྲ་ཡོང་གཞི་གང་ཡང་མེད། ཁོར་ཡུག་ལ་འགྱུར་ལྡོག་ལྟ་བུར་མཚོན་ན་འགྲོ་བ་མི་སྤྱི་ཡོངས་ལ་འབྲེལ་བ་ཆགས་ཡོད་པ་མ་ཟད། དེང་སྐབས་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་དེ་ཡང་རྒྱལ་མཚམས་དང་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཏེ་དེར་ཁྱབ་འགྲོ་བཞིན་ཡོད། ཕྱོགས་མཚུངས་འཛམ་གླིང་ནང་མི་འབོར་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་ཁར། དབུལ་ཕོངས་ཇེ་མང་དུ་ཕྱིན་ནས་དབུལ་ཕྱུག་དབར་གྱི་ཁྱད་པར་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད། འདི་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་ཡིན། དེར་བརྟེན་དབུལ་ཕྱུག་དབར་ཁྱད་པར་ཧ་ཅང་ཆེན་པོ་བྱུང་ཚེ་དཀའ་ངལ་འཕྲད་རྒྱུ་རེད།
དཀའ་ངལ་དེ་དག་སེལ་བར་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟར་ཡོང་བར་ཕན་ཚུན་ཡིད་ཆེས་དགོས་རྒྱུ་དང་། ཡིད་ཆེས་ཡོང་བར་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།
སྐབས་དེར་ཚོགས་བཅར་བ་ཞིག་གིས་དེང་སྐབས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། འདི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན། ངོས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཀའ་བློན་ཁྲིད་པར་རྩིས་སྤྲོད་ཟིན་པར་བརྟེན་ད་ཆ་ངོས་རང་རྒན་ཡོལ་ཆ་ཚང་ཞུས་ཟིན། སྤྱིར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་འདི་ཕན་ཚུན་ཡིད་ཆེས་གཞི་རྩར་བཞག་པའི་ཐོག་ནས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱི་རེ་བར་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་མཆོག་རྒྱ་གར་ནང་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་འདྲ་མིན་མང་པོ་ཡོད་པ་དེ་དག་གིས་རྒྱ་གར་ཁ་བྲལ་ནམ་ཡང་འགྲོ་གི་མེད་པ་མ་ཟད། རྒྱལ་ཁབ་ཡར་རྒྱས་ཕྱོགས་སུ་གོམ་སྟབས་སྤོ་ཐུབ་རྒྱུར་མཐུན་པའི་རྐྱེན་དུ་འགྲོ་བཞིན་ཡོད་པ་འདི་གསལ་པོ་གཟིགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། རྒྱ་ནག་འགོ་ཁྲིད་ཚོས་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་ཡིད་སྨོན་བྱེད་བཞིན་ཡོད། སྤྱི་ཚོགས་ནང་འཆམ་མཐུན་དགོས་ན་ཕན་ཚུན་ཡིད་ཆེས་དགོས། དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་ཞིག་སྐྲུན་ཐབས་མེད། ལར་ནས་འཛམ་གླིང་ནང་ཕྱིའི་བདེ་འཇགས་ཀྱི་འགྲོ་སོང་ལས་རྒྱལ་ནང་གི་བདེ་འཇགས་ཀྱི་འགྲོ་སོང་ཆེ་བ་གཏོང་མཁན་རྒྱ་ནག་གཅིག་པུ་ཆགས་ཡོད།
ཅེས་བཀའ་ལན་སྩལ་བ་དང་སྦྲགས། སྲིད་འཛིན་ཞི་ཅིན་ཕིང་གིས་དེང་སྐབས་རྒྱ་ནག་ནང་དུ་ལྐོག་ཟའི་དཀའ་ངལ་སེལ་ཐབས་ཆེད་འབད་བརྩོན་ཤུགས་ཆེ་གནང་བཞིན་པ་དེར་བསྔགས་བརྗོད་མཛད་པ་དང་ལྷན། སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ལམ་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་དེང་སྐབས་རྒྱ་ནག་སྤྱི་ཚོགས་ནང་རིག་གཞུང་ཉམས་གསོ་ཡོང་རྒྱུར་ནང་ཆོས་ཀྱིས་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་པ་དེར་༸གོང་ས་མཆོག་གིས་བསྔགས་བརྗོད་མཛད་པ་མ་ཟད། དེང་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་དཀའ་ངལ་རྣམས་ལ་བསམ་ཤེས་གང་ཡང་བྱེད་མི་དགོས་པར་ཁར་ཐུག་དེར་མགོ་ལྕག་གཞུ་རྒྱུའི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད་ཀྱང་། དེ་དག་དང་བསྡུར་བ་ཡིན་ན་སྲིད་འཛིན་ཞི་ཅིན་ཕིང་ཁོང་དངོས་ཐོག་བདེན་འཚོལ་གནང་མཁན་ཞིག་ཡིན་པའི་ཐུགས་སྣང་བྱུང་ཡོད་སྐོར་སོགས་ལན་འདེབས་མཛད་དོན། སྤྱི་ཡོངས་ནས་ངོས་ལ་རེ་བ་ཆེན་པོ་ཡོད། ངོས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་མཆོག་གི་ཡབ་ཞི་ཊོང་ཤུན་ Xi Zhongxun མཆོག་ངོ་ཤེས་ཡིན། ཞི་ཊོང་ཤུན་དམ་པ་ཁོང་རྒྱ་ནག་གི་སྲིད་བློན་ཧའོ་ཨེན་ལའི་ Zhou Enlai སྒེར་དྲུང་གནང་མྱོང་ཡོད། ཅེས་བཀའ་ལན་སྩལ།