༢༠༡༤ ཟླ་ ༩ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་ཏྲ་ཏྲ་སྤྱི་ཚོགས་ཚན་རིག་སློབ་གཉེར་བསྟི་གནས་ཁང་དུ་ (Tata Institute of Social Science) སྐབས་དང་པོའི་ཁྲིམས་ལུགས་རབ་འབྱམས་པ་ (LL.M) བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ། ཁྲིམས་ཀྱི་ཐོག་སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཁག་གཅིག་ལ་ཕྱག་འཁྱེར་གསོལ་རས་དང་འབྲེལ་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་སློབ་གཉེར་ཁང་དེར་༸ཞབས་སོར་བདེ་བར་འཁོད་སྐབས་བསྟི་གནས་ཁང་གི་འགན་འཛིན་སློབ་དཔོན་ཨེ་སི་པ་ར་ཤུ་ར་མན་ Prof Parasuraman ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་ཚོགས་ཁང་ནང་༸ཞབས་སོར་འཁོད་བསྟུན་འགན་འཛིན་ནས་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། བསྟི་གནས་ཁང་འདི་ཕུལ་དུ་བྱུང་བའི་སློབ་གཉེར་ཁང་ཞིག་བཟོ་རྒྱུ་ནི་ང་ཚོའི་དམིགས་ཡུལ་གྱི་ཆ་ཤས་ཤིག་ཡིན། སློབ་གཉེར་ཁང་གིས་སློབ་འཁྲིད་གནང་རྒྱུའི་སློབ་ཚན་ཁོངས་རིག་གསར་གྱི་ཐབས་ལམ་འགའ་ཤས་གསར་གཏོད་གནང་ཐུབ་པ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན། ༸གོང་ས་མཆོག་གིས་སློབ་མ་གྲངས་ ༡༣ ལ་ཁྲིམས་ལུགས་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་དང་གཞན་སློབ་ཕྲུག་གྲངས་ ༧༦ ལ་ཕྱག་འཁྱེར་གསོལ་རས་སྩལ་བ་མ་ཟད། ཕུལ་བྱུང་སློབ་མའི་གཟེངས་རྟགས་ཀྱང་གསོལ་རས་སྩལ། དེ་རྗེས་གཙུག་ལག་སློབ་དཔོན་ལྕམ་སྐུ་ལཀ་ཤི་མི་ལིང་གམ་ལགས་ཀྱིས་ Prof Lakshmi Lingam ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་སྐབས་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ། དེ་བཞིན་དབྱིན་ཡུལ་གྱི་ཇོན་ཊེམ་པལ་ཊོན་སོགས་རྒྱལ་སྤྱིའི་གཟེངས་རྟགས་ཧ་ཅང་མང་པོ་ཐོབ་མྱོང་ཡོད་སྐོར་གསལ་བཤད་གནང་བ་དང་སྦྲགས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་འགོག་ཐབས་ཀྱི་ལྷན་ཚོགས་ནང་མཉམ་ཞུགས་མཛད་མྱོང་ཡོད་སྐོར་སོགས་གསུངས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱི་རྒྱུན་ལྡན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཤིག་ཡིན་བསམ་བཞིན་ཡོད་པ་ལས་སྤྱི་ཚོགས་ནང་གོ་རིམ་དང་མཐོ་དམའ་སོགས་ལ་གལ་ཆེན་པོ་གང་ཡང་བརྩི་ཀྱི་མེད། སྤྱིར་ང་ཚོའི་དབར་རིགས་རུས་དང་ཐོབ་གོ་ས། ཆོས་དད་ཡོད་མེད། དེ་བཞིན་རིག་གཞུང་སོགས་མི་འདྲ་བའི་ཁྱད་པར་ཡོད་ཀྱང་དེ་དག་གྲལ་རིམ་གཉིས་པ་ཆགས་ཡོད། གལ་ཆེ་ཤོས་འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་པ་ཆགས་ཡོད། ང་ཚོ་ཚང་མར་མིའི་ཀླད་པ་ཡོད་པར་བརྟེན་དུད་འགྲོ་གཞན་དང་མཚུངས་པར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་ལས་གྲོལ་ཐབས་བྱ་རྒྱུ་ནི་ང་ཚོ་ཚང་མའི་གཞི་རྩའི་ཐོབ་ཐང་ཆགས་ཡོད། མིར་རྣམ་དཔྱོད་ཡོད་པར་བརྟེན་དུད་འགྲོ་དང་མི་འདྲ་བར་རྙོག་གྲ་བཟོ་ཐུབ་ཙམ་མིན་པར་རྙོག་གྲ་ཧ་ཅང་ཆེན་པོ་བཟོ་ཐུབ་པའི་རྣམ་དཔྱོད་ལྡན་ཡོད། དེར་བརྟེན་ང་ཚོས་རང་གི་རྣམ་དཔྱོད་འདི་དུས་ནམ་ཡང་མཐུན་པའི་རྐྱེན་དུ་འགྲོ་ཐུབ་པ་ཞིག་བྱེད་དགོས། དེ་འདྲ་ཡོང་བར་སེམས་ནང་བྱམས་བརྩེའི་བསམ་པ་དང་གཞན་གྱི་བདེ་སྡུག་ལ་སེམས་ཚོར་ཡོད་པ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས་བསླབ་པ་མཐར་སོན་གྱི་སློབ་ཕྲུག་རྣམས་ལ་ཞལ་གཟིགས་ནས་བཀའ་སློབ་སྩལ་དོན། ངོས་ཀྱིས་ཁྱེད་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན།
ད་ཆ་ཁྱེད་ཚོར་ལག་འཁྱེར་ནི་ཐོབ་ཡོད། འོན་ཀྱང་ལག་འཁྱེར་ཐོབ་པ་ཙམ་གྱི་དེ་ཙམ་གལ་ཆེན་པོ་མིན། གལ་ཆེ་ཤོས་ནི་ཀུན་སློང་བཟང་པོ་ཞིག་འཁྱེར་ནས་རང་གི་ཤེས་ཡོན་དེས་གཞན་ལ་ཕན་པ་བསྒྲུབ་རྒྱུ་དེ་ཡིན། དེ་འདྲ་ཡོང་བར་ཀུན་སློང་ལ་རག་ལུས་ཡོད། ཁྱེད་ཚོར་ཡོད་པའི་ཤེས་ཡོན་དང་ལག་ཤེས་དེ་དག་ཧ་ཅང་ཕན་ཐོགས་བསྒྲུབ་ཐུབ། གང་ཡིན་བརྗོད་ན་འཛམ་གླིང་མི་འབོར་མང་ཤོས་ཡོད་པའི་རྒྱ་གར་ནང་དྲང་བདེན་དང་ཁྲིམས་ཀྱི་དབང་བསྒྱུར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་དང་བསྟི་གནས་ཁང་གི་འགན་འཛིན། གཞན་ཡང་འབྲེལ་ཡོད་ལས་བྱེད་བཅས་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ལི་ལ་ཝ་ཏི་སྨན་ཁང་ Lilavati Hospital དུ་ཆིབས་སྒྱུར་བསྐྱངས་ཏེ་སྨན་པ་དང་སྨན་ཞབས་པ་ཁག་གཅིག་དང་གསོལ་ཇ་ལྷན་བཞེས་ཀྱིས་བཀའ་མོལ་མཛད། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Merchants’ Associationདང་ཡན་ལག་བུད་མེད་ཚོང་པའི་ལྷན་ཚོགས་བཙུགས་ནས་མི་ལོ་ ༡༠༨ འཁོར་བའི་དུས་ཆེན་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག