༢༠༡༤ ཟླ་ ༩ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆོས་འབྲེལ་གཉིས་པར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འབྲེལ་དབུ་འཛུགས་སྐབས་སྟོང་ཉིད་སྐོར་ལ་བཀའ་སློབ་ཕེབས་དོན། དེ་རིང་གཙོ་བོ་སྤྱོད་འཇུག་གི་ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཉིད་གཏན་ལ་འབེབས་རྒྱུ་དེ་རེད།
དེར་བརྟེན་སྟོང་ཉིད་སྐོར་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་རང་ལ་ཆ་མཚོན་ན། རང་ལོ་བཅུ་དྲུག་བཅུ་བདུན་སྐབས་ནས་ངོས་ཀྱིས་སྟོང་ཉིད་ལ་དོ་སྣང་ཤུགས་ཆེན་བྱས་པ་ཡིན། སྟོང་ཉིད་ཐོག་ལ་བསམ་བློ་ཡང་སྐོར་བསྐྱར་སྐོར་གཏོང་སྐབས་ཏན་ཏན་སེམས་ལ་འགྱུར་བ་ཐེབས་རྒྱུ་ཞིག་ཡོང་གི་འདུག ལྷག་པར་ཤེས་རབ་ཀྱི་ཆ་ནས་སེམས་ལ་འགྱུར་བ་ཐེབས་རྒྱུའི་ལག་ཆ་ཡག་ཤོས་ལྟ་བུ་རེད། དེར་བརྟེན་འདོད་ཡོན་ལ་ཆགས་པའི་བློ་གནོན་ཡོང་སྐབས། དེ་ལྟར་མུ་མཐུད་ནས་སེམས་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་ཏེ་སྒོམ་ན། ཉོན་མོངས་སྤངས་པའི་བྲལ་བ་ཞིག་ཡོང་ངེས་རེད་བསམ་པ་ཞིག་བློར་སླེབས་ཀྱི་ཡོད། མདོར་ན། ནང་པ་སངས་རྒྱས་པའི་ཆོས་ནས་གསུངས་པའི་སྟོང་ཉིད་དང་བདག་མེད་རྟོགས་པའི་ཤེས་རབ་གོ་དོན་ཤེས་རྟོགས་བྱས་པ་བརྒྱུད་བདག་འཛིན་མ་རིག་པར་གཉེན་པོ་བསྟེན་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་བཀའ་སློབ་ཕེབས་ཏེ་ཆོས་འབྲེལ་འཕྲོ་སྐྱོང་ནས་དབུ་འཛུགས་མཛད་འདུག