༢༠༡༤ ཟླ་ ༩ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནང་གི་སྙན་གྲགས་ཅན་གྱི་ཊ་ཊ་གཙུག་ལག་སློབ་གཉེར་ཁང་གིས་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༦ ཉིན་མགོན་པོ་གང་ཉིད་མཆོག་མུམ་བྷེའི་ (Mumbai) གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་སྐབས། གཙུག་ལག་སློབ་གཉེར་ཁང་དེའི་གནད་ཡོད་མི་སྣ་སོགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག ཕྱི་ཚེས་ ༡༧ དང་ ༡༨ ཉིན་གྲངས་གཉིས་རིང་ཁུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་གཅིག་བསྐྱང་རྒྱུ་ཡིན་འདུག
དེ་ཡང་མཛད་འཕྲིན་གྱི་སྐོར་ལ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་མཆོག་གིས་བརྒྱུད་ལམ་ཁག་གཅིག་ནང་གསུང་གསལ། ཕྱི་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་སྙན་གྲགས་ཅན་གྱི་ཊ་ཊ་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་ཐོག་སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཁག་གཅིག་ལ་ཕྱག་འཁྱེར་དང་འབྲེལ་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༨ ཉིན་རྒྱ་གར་གྱི་ཚོང་པའི་ཚོགས་པ་བཙུགས་ནས་ལོ་བརྒྱ་དང་བརྒྱད་འཁོར་བའི་དུས་དྲན་ཐོག་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱང་སྟེ་བཟང་སྤྱོད་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྗེས་ཁུལ་དེར་མཛད་འཕྲིན་བསྐྱང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག