༢༠༡༤ ཟླ་ ༩ ཚེས་ ༥ རེས་གཟའ་པ་སངས།
༄༅། །རྡོར་གླིང་ས་གནས་འགོ་འཛིན་ལས་ཁང་ནས་ ༢༠༡༤།༩།༥ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་ཁ་འཐོར་ས་གནས་ཁག་དང་། བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་བཅས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་དང་། སྤྱི་ནོར༸གོང་ས༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་ཁུར་གཙོ་བོ་གསུམ་སོགས་ཀྱི་ངོ་སྤྲོད་གནང་སླད་གཞུང་འབྲེལ་འཚམས་གཟིགས་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༩ ཉིན་རྡོར་གླིང་ནས་ཕེབས་ཐོན་གྱིས་ཆུ་ཚོད་བཅུ་པར་སྒོམ་ས་སྐྱ་གུ་རུ་དགོན་པར་འབྱོར་སྐབས་དགོན་པའི་མཁན་པོ་དང་ཕྱག་མཛོད་ནས་སྣེ་ལེན་ཞུས། ཆུ་ཚོད་བཅུ་པའི་ཐོག་སྒོམ་གནས་བཞུགས་བོད་རིགས་མི་གྲངས་བཅུ་ལྷག་ཙམ་ལ་ལམ་སྟོན་གསུང་བཤད་གནང་། དེ་རྗེས་རྡོར་གླིང་ཕྱོགས་ཀྱི་རི་མགོ་མཐོ་ཤོས་སྟག་མོ་ཉི་ཤར་རི་རྩེར་གནས་གཟིགས་ཕེབས་རྗེས་རྡོར་གླིང་འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་པར་གནས་མཇལ་དང་གུང་ཚིགས་གྲུབ་རྗེས་རྡོར་གླིང་མགྲོན་ཁང་དུ་ཕྱིར་ཕེབས་གནང་། ཕྱི་ཚེས་ ༣༠ ཉིན་རྡོར་གླིང་མགྲོན་ཁང་ནས་ཕེབས་ཐོན་གྱིས། སྟག་བལྟ་ལྕགས་པོ་རི་བོད་སྨན་དྲན་རྟེན་ཁང་གི་སྨན་སློབ་ཁང་དུ་ཆུ་ཚོད ༡༠ ཐོག་འབྱོར་སྐབས་ལྕགས་པོ་རིའི་བོད་སྨན་དྲན་རྟེན་ཁག་གི་དབུ་འཛིན་སྨན་པ་འཕྲིན་ལས་པ་སངས་ལགས་དང་། སྨན་སློབ་ཁང་གི་སློབ་སྤྱི་སོགས་དགེ་ལས་རྣམས་ཀྱིས་ཕེབས་བསུ་ཞུས། དེ་ནས་སྨན་སློབ་ཁང་གི་ཚོགས་ཁང་ནང་ཚང་འཛོམས་ཐོག་དབུ་མའི་ལམ་དང་། མང་གཙོའི་འཕེལ་རིམ། ༸གོང་ས་མཆོག་གི་མཛད་ཆེན་ཁག་ངོ་སྤྲོད་གནང་། དེ་ཉིན་སློབ་ཕྲུག་གྲངས ༡༥ དང་། དགེ་ལས ༡༠ བཅས་མཉམ་འཛོམས་གནང་འདུག ཆུ་ཚོད་ ༡༢ ཐོག་བཀའ་སློབ་གྲུབ་རྗེས་དྲན་རྟེན་སྨན་སློབ་ཁང་ལ་གཟིགས་སྐོར་དང་དེ་རྗེས་སྨན་སློབ་ཁང་ནས་གུང་ཚིགས་ཕུལ་ཡོད།
ཕྱི་ཚེས་ ༣༡ ཉིན་རྡོར་གླིང་བོད་མིའི་གཏན་སློབ་ཚོགས་ཁང་ནང་སློབ་ཕྲུག ༣༦༩ དང་། བོད་རིགས་དགེ་ལས་བསྡོམས་༡༡ མཉམ་འཛོམགས་ཐོག ཕྱི་འབྲེལ་དྲུང་ཆེས་༸གོང་ས་མཆོག་གི་མཛད་ཆེན་ཁག་དང་། དབུ་མའི་ལམ་གྱི་བྱུང་རིམ་དང་དེའི་གོ་དོན། དེའི་དགེ་ཕན་སོགས་ཀྱི་གསུང་བཤད་གནང་རྗེས། དགེ་ལས་སློབ་ཕྲུག་རྣམས་ཀྱི་དོགས་འདྲི་ལ་ལན་འདེབས་གསལ་བཤད་གནང་།
ཕྱི་ཚེས་ ༡ ཉིན་རྡོར་གླིང་ནས་ཆུ་ཚོད ༨ ཐོག་ཕྱོགས་ཐོན་གྱིས་ཆུ་ཚོད ༩ བསུ་ན་མདར་འབྱོར་རྗེས། ས་གནས་འགོ་འཛིན་ལས་ཁང་དང་ལས་ཤག། སྨན་ཁང་། མཉམ་འབྲེལ་ལས་ཁང་སོགས་ལ་གཟིགས་སྐོར་གནང་རྗེས། མི་མང་ཚོགས་ཁང་ནང་མང་ཚོགས་དང་། སློབ་ཕྲུག་འཛིན་གྲྭ ༦ ཡན་དང་བོད་དགེ གཞིས་མཉམ་གཉིས་ཀྱི་ལས་བྱེད་སོགས་བསྡོམས་མི་གྲངས ༢༠༠ ལྷག་ཙམ་མཉམ་འཛོམས་ཐོག་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཡོད།
ཕྱི་ཚེས ༢ ཉིན་རྡོར་གླིང་བོད་མིའི་གཏན་སློབ་ཀྱི་ཚོགས་ཁང་ནང་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་ཁྱབ་ཁོངས་བོད་རིགས་མང་ཚོགས་ནས་བོད་ལྗོངས་མང་གཙོ་དབུ་བརྙེས་ནས་མི་ལོ ༥༤ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིས་ཞུས་པའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་ནས་མང་ཚོགས་དང་སློབ་ཕྲུག་རྣམས་ལ་མང་གཙོའི་བྱུང་རིམ་དང་། བཙན་བྱོལ་བོད་མིའི་མང་གཙོ་བྱུང་རིམ་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཐུན་མོང་ཆེ་ཆོས་སྐོར་གསུང་བཤད་གནང་། ཕྱི་ཚེས་ ༣ ཉིན་རྡོར་གླིང་ནས་སི་ལི་གུ་རི་བག་ཌོ་ར་གནམ་ཐང་ཕྱོགས་སུ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་༣ ཐོག་ལྡི་ལིར་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཐོན་གནང་ཡོད།།