༢༠༡༤ ཟླ་ ༨ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་གནང་སྟེ་ལོ་གསུམ་ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
མཁན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་ནས་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་ནི། གཙོ་བོ་ཤ་ཁྲག་གཅིག་པའི་གཞིས་ལུས་བོད་རིགས་སྤུན་ཟླ་སྤྱི་དང་། ཡང་སྒོས་ད་བར་དུ་བོད་བསྟན་སྲིད་ཆེད་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ༌བཅུ་ང་གྲངས་ནས་རང་སྲོག་བློས་གཏོང་གནང་མཁན་ཁོང་རྣམ་པས་དབུས་འབྲེལ་ཡོད་ནང་མི། དམིགས་བསལ་རང་ལུས་མེར་སྲེག་གཏོང་མཁན་ ༡༣༠ བྱུང་ཡོད་ཁོངས་ནས་ ༡༡༢ འདས་གྲོངས་སུ་གྱུར་བ་རྣམ་པའི་ནང་མི་སོགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད་སྟབས། ཚང་མས་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྣམ་པས་གཙོས་དུས་ད་ལྟ་བར་དུ་བོད་བསྟན་སྲིད་སླད་སྐུ་ལས་སྐྱོན་མཁན་ཚོའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་མིར་རང་དབང་བསྐྱར་གསོ་དགོས་པ་རྣམས་ཆགས་ཡོད། ཁོང་རྣམ་པའི་མངོན་འདོད་མ་བརྗེད་པའི་ཐོག་ནས་བཀའ་ཤག་སྐབས་ ༡༤ པས་དཀའ་ལས་རྒྱག་རྒྱུས་མཚོན་མི་དམངས་ནས་ཀྱང་ཕྱར་གྲུ་མཉམ་འདེགས་ཐོག་རྒྱབ་སྐྱོར་གནང་མུས་ལྟར་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས།
ལྷག་པར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུང་དོན། སྤྱིར་བཏང་བཀའ་ཤག་སྐབས་ ༡༤ པས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཆེད་ཕྱི་ཟླ་ ༦ ཚེས་ ༥ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པ་གཞིར་བཟུང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཉེ་བའི་ལོ་རྒྱུས་ནང་ཁྱབ་བསྒྲགས་ཤུགས་ཆེ་ཤོས་ཕྱིན་ཡོད། དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་དགོས་དོན་ནི། ཕྱག་རོགས་བཀའ་བློན་རྣམ་པ་དང་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ། དེ་བཞིན་སྲིད་སྐྱོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་དག་ཅིག་ནང་བསྐྱོད་སྐབས། མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྐོར་ཤེས་ཀྱི་འདུག་ཀྱང་ཁག་གཅིག་གིས་ཤེས་ཀྱི་མི་འདུག ང་ཚོས་བློ་འཚབ་བྱེད་དགོས་དོན་ནི། དབུ་མའི་ལམ་ལ་གོ་བ་ལོག་པར་ལེན་པའི་ཐོག་ནས་འགྲེལ་བཤད་ལོག་པ་རྒྱག་མཁན་མང་པོ་ཞིག་ཡོང་གི་འདུག དེ་དག་ནི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་འགྲེལ་བཤད་ལོག་པ་བརྒྱབ་པར་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་དབུ་མའི་ལམ་གང་འདྲ་ཞིག་ཡིན་མིན་གོ་རྟོགས་སྤེལ་བ་བརྒྱུད་ནས་ཤེས་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ལྷག་པར་དབུ་མའི་ལམ་གྱི་དྲ་རྒྱའི་ནང་བོད་རྒྱ་དབྱིན་གསུམ་གཙོ་བོར་གྱུར་བའི་ཇར་མན་དང་། ཕ་རན་སི། ཨི་ཊ་ལི། སེ་པན་བཅས་ཁྱོན་ཡིག་རིགས་ཁག་བདུན་ཐོག་ལྟ་ཐུབ་པ་བཟོས་ཡོད། དེར་བརྟེན་དབུ་མའི་ལམ་སྐོར་ལ་ཁ་གསལ་རྟོགས་ཐུབ་པའི་དགེ་མཚན་མང་པོ་འདུག་ཅེས་རྗོད་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་གི་འདུག དེ་བཞིན་ང་ཚོ་བོད་མིའི་ནང་ལ་ཡང་དབུ་མའི་ལམ་གོ་རྟོགས་སྤེལ་དགོས་སྐོར་བཀའ་ཤག་ནང་གོ་བསྡུར་བྱུང་བ་ལྟར། ཉེ་ཆར་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་གཞིས་ཆགས་ཁག་ཏུ་བཅར་ནས་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་དང་སྤེལ་མུས་རེད། དབུ་མའི་ལམ་ལ་བརྟེན་ནས་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་གནས་ཐུབ་ཡོད་པ་མ་ཟད། བོད་མི་རྣམས་ཀྱང་རྒྱ་གར་ནང་ཁྲིམས་མཐུན་ཐོག་གང་ཞིག་བྱས་ཀྱང་རང་དབང་ཡོད། དབུ་མའི་ལམ་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཛམ་གླིང་གི་ས་ཕྱོགས་གང་དུ་ཕེབས་རྒྱུར་དཀའ་ངལ་འཕྲད་ཀྱི་མེད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ ཉིན་མཇལ་འཕྲད་གྲུབ་རྗེས་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ནང། དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་ལྷན་རྒྱབ་སྐྱོར་ཡོད། ཅེས་འཁོད་འདུག དེ་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་མཛད་འཕྲིན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་དབུ་མའི་ལམ་བརྒྱུད་ནས་བོད་དོན་བདེན་མཐའ་གསལ་རྒྱུ་ཆགས་ཡོད། ཅེས་སོགས་གསུངས།
དེ་བཞིན་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་སྐོར་གསུང་དོན། ཉེ་ཆར་དོལ་རྒྱལ་རྗེས་འབྲང་པ་ཚོས་རྒྱལ་སྤྱིའི་སྡིངས་ཆ་བེད་སྤྱོད་བཏང་སྟེ། ཁོ་པ་ཚོར་ཆོས་དད་རང་དབང་མེད་པ་དང་། དབྱེ་འབྱེད་བྱེད་ཀྱི་འདུག ཅེས་ཤོད་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་གྱི་དགེ་སྐྱོན་སྐོར་ལམ་སྟོན་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད་མ་གཏོགས་བསྟེན་གསོལ་བྱས་ཆོག་གི་མ་རེད། ཅེས་བཀག་འགོག་མཛད་ཀྱི་མེད། སྤྱིར་བཏང་བོད་མི་སུ་ཞིག་ཡིན་རུང་དཔྱ་ཁྲལ་ལག་དེབ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད། རྒྱ་གར་ལ་གནས་ཐུབ་ཐབས་བྱེད་པར་ (R.C) སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་ནས་གནང་གི་ཡོད། འོན་ཀྱང་དེ་ཐོབ་པར་ས་གནས་འགོ་འཛིན་དང་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་དགོས་ཀྱི་ཡོད། བོད་མི་སུ་ཞིག་ཡིན་རུང་ཕྱི་རྒྱལ་དུ་འགྲོ་ཆེད་ (I.C) དེབ་སེར་པོ་དགོས་ཀྱི་ཡོད། དེབ་སེར་པོ་རྒྱ་གར་གཞུང་ནས་གནང་གི་ཡོད་ཀྱང་དེར་རྒྱབ་གཉེར་བོད་མིའི་སྒྲིག་འཛུགས་ནས་གནང་དགོས་ཀྱི་ཡོད། དཔལ་འབྱོར་ལས་ཁུངས་ནས་དོལ་རྒྱལ་སྟེན་མཁན་ཡིན་དང་མིན་གྱི་དབྱེ་བ་འབྱེད་ཀྱི་མེད། དཔྱ་ཁྲལ་ལག་དེབ་གཞིར་བཟུང་སློབ་གྲྭར་ཚུད་དང་མ་ཚུད། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་ཐོག་ལ་མཐུན་རྐྱེན་གང་ཞིག་ཡོད་ཀྱང་གཅིག་མཚུངས་གནང་གི་ཡོད། དམིགས་བསལ་རྒྱ་གར་ལ་གནས་པར་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་ཁོ་པ་ཚོར་རག་གི་ ཡོད་པ་རེད་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་མེད་ན་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་རེད། གལ་སྲིད་བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་སྟེན་མཁན་ཚོར་དབྱེ་བ་འབྱེད་དགོས་ཀྱི་ཡོད་ན། དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཐོག་དབྱེ་འབྱེད་བྱས་ཆོག་ཆོག་ཡོད་ཀྱང་དུས་ད་ལྟ་བར་དུ་དབྱེ་བ་ཕྱེ་བའི་གནས་ཚུལ་ཤོད་རྒྱུ་མེད། དེར་བརྟེན་ང་ཚོས་བོད་མི་གཅིག་མཚུངས་ལ་གནང་བ་ལྟར་དོལ་རྒྱལ་སྟེན་མཁན་ཚོར་བྱེད་ཀྱི་ཡོད་སྟབས། ཁོ་པ་ཚོ་རྒྱ་གར་དུ་གནས་ཐུབ་ཀྱི་ཡོད། དམིགས་བསལ་ཕྱི་རྒྱལ་དུ་འགྲོ་མཁན་ཡིན་ན་དེབ་སེར་པོ་དགོས་ཀྱི་ཡོད། དོལ་རྒྱལ་སྟེན་མཁན་ཕྱི་རྒྱལ་དུ་ཡོད་མཁན་མང་ཆེ་བ་དེབ་སེར་པོ་འཁྱེར་ན་ཕྱིན་པ་ཞིག་ཆགས་ཀྱི་ཡོད། དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད།
དེར་བརྟེན་ང་ཚོས་ཁོ་པ་ཚོར་དབྱེ་འབྱེད་བྱེད་བཞིན་འདུག་ཅེས་པ་དེ་ནི་གཞི་རྩ་གང་ཡང་མེད་པ་ཞིག་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེའི་རྒྱལ་ཁབ་ནང་ཆིབས་སྒྱུར་བསྐྱངས་སྐབས་ནོར་ཝེ་མི་དམངས་ནས་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བདུན་ཕྲག་གཉིས་ཙམ་གོང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡིན་རུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེར་ཆིབས་སྒྱུར་སྐབས་ནོར་ཝེའི་དཔོན་རིགས་ཚོས་མཇལ་འཕྲད་ཞུས་དགོས་སྐོར་ཁྱབ་བསྒྲགས་ཤུགས་ཆེ་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣ་ཚོས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་ཐུབ་མེད། སྐབས་དེ་དུས་དོལ་རྒྱལ་རྗེས་འབྲང་པ་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནང་ནོར་ཝེའི་གཞུང་གི་འགོ་ཁྲིད་ཚོས་༸གོང་ས་མཆོག་ལ་མཇལ་འཕྲད་མ་ཞུས་པ་དེར་རྒྱབ་སྐྱོར་ཡོད། ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དོན་དངོས་ཐོག་དོལ་རྒྱལ་སྟེན་མཁན་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁར་འཁྱེར་བ་ཙམ་ལས་ཆབ་སྲིད་རགས་པ་རང་འཁྲབ་བཞིན་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། མཐར་བཀའ་ཤག་ ༡༤ པའི་ཐོག་ནས་ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །