༢༠༡༤ ཟླ་ ༨ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་གོ་སྒྲིག་འོག་ས་གནས་བུད་མེད་ལྷན་ཚོགས་ཁག་ ༡༦ གི་ཚོགས་གཙོས་དབུས་རྒྱུན་ལས་དང་སྐུ་ཚབ། ལྡི་ལི་མཐོ་སློབ་ཀྱི་སློབ་མ་བཅས་ཁྱོན་མི་གྲངས་ ༥༠ བརྒལ་བར། ༼བཙན་བྱོལ་བོད་ཀྱི་བུད་མེད་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ།༽ ཞེས་པའི་ཟབ་སྦྱོང་དུ་ཕེབས་མི་ཚོར་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ངོས་ནས་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྐོར་དང་ལས་དོན་བྱེད་ཕྱོགས་སྐོར་ཞུས་ན་བསམ་བྱུང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཟབ་སྦྱོང་གོ་སྒྲིག་གནང་བ་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་ཆེད་གང་ཡོང་གནང་མུས་རེད། འོན་ཀྱང་ད་དུང་ཡར་རྒྱས་གཏོང་དགོས་པ་མང་པོ་ཞིག་ཡོད།
དེར་བརྟེན་སྤྱི་ཚོགས་ནང་དུ་དགོངས་ཚུལ་ཡོང་གི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྙན་ཐོའི་ནང་དུའང་མཚམས་རེ་གསལ་ཡོང་གི་འདུག བཀའ་ཤག་སྐབས་ ༡༤ པའི་ལྟ་གྲུབ་གསུམ་ནང་ནས་ཆིག་སྒྲིལ་ནི་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད། ཕོ་མོ་འདྲ་མཉམ། དེ་བཞིན་དབུལ་ཕྱུག་དང་། གསར་རྙིང་དབྱེར་མེད། ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་བར་དབྱེ་མཚམས་འབྱེད་རྒྱུ་མེད་པ་སོགས་རེད།
བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་གནས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཀའ་བློན་བསྐོ་གཞག་བྱེད་སྐབས་སུའང་བཀའ་བློན་གཉིས་བུད་མེད་བསྐོས་ཡོད། ལོ་རྒྱུས་ལ་གཟིགས་ན། བུད་མེད་བཀའ་བློན་མང་ཤོས་མིན་ནའང་མང་བའི་གྲས་རེད། ནང་སྲིད་དང་ཕྱི་དྲིལ་བཀའ་བློན་བུད་མེད་ཡིན་པར་བརྟེན། ནང་གི་ཨ་མ་དང་ཕྱིའི་བཞིན་རས་ལྟ་བུ་ཡིན་པ་མ་ཟད། འགྲོ་སོང་དང་ལས་བྱེད་ཆ་ནས་ལྷན་ཁང་ཆེ་ཤོས་རེད། ཁོང་རྣམ་པ་གཉིས་ལ་བུད་མེད་ཀྱི་སྐུ་ཚབ་ལྟ་བུ་བརྗོད་ན་འགྲིག་གི་མེད། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་གྱི་ཡོད། ཁོང་རྣམ་པ་གཉིས་ཀྱིས་འབད་བརྩོན་ཆེན་པོའི་སྒོ་ནས་ཕྱག་ལས་གནང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁོངས་བུད་མེད་འཛུལ་ཞུགས་གནང་མཁན་མང་དུ་འགྲོ་གི་འདུག སྒྲིག་འཛུགས་ཀྱི་འགྲོ་ལུགས་ལྟར་ལས་བྱེད་ནང་འཛུལ་ཞུགས་བྱས་ཏེ། ཉུང་མཐར་ཞབས་ལོ་ཉི་ཤུ་ཙམ་མ་ཕྱིན་ན། དྲུང་ཆེ་ཆགས་རྒྱུ་ཁག་པོ་རེད། གནས་རིམ་དམའ་བ་ཡིན་ན་ལོ་གསུམ་ནས་བཞི་བར་དང་། གནས་རིམ་འབྲིང་བ་ཡིན་ན་ལོ་ལྔ་ལྷག་ཙམ། གནས་རིམ་མཐོ་བ་ཡིན་ན་ལོ་བདུན་ཙམ་འགོར་གྱི་འདུག བུད་མེད་ཚོས་ལས་བྱེད་ནང་འཛུལ་ཞུགས་ཀྱིས་དུས་ཡུན་མང་བ་བཞུགས་ན། མ་འོངས་པར་ལས་བྱེད་ནང་བུད་མེད་མང་དུ་འགྲོ་ངེས་རེད། ད་ལྟའི་ཆར་ཟུང་དྲུང་གནས་རིམ་ཐོག་བུད་མེད་ལས་བྱེད་བརྒྱ་ཆ་ ༢༤% དང་། དྲུང་འཕར་གཉིས། དྲུང་ཆེ་གཅིག་ཡོད།
གཞན་ཡང་བློ་ཕམ་པ་ཞིག་ལ་དེ་སྔོན་བལ་ཡུལ་སྲོང་བཙན་སློབ་གྲྭ་དང་། གོ་པལ་པུར་སློབ་གྲྭ། མོན་གྷོ་གཞིས་ཆགས་སུའང་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱེད་ཐབས་བྱས་པའི་གནས་ཚུལ་ཐོན་ཡོད། བུ་མོ་ལོ་ཆུང་ལ་བཙན་གཡེམ་བྱས་པ་དེ་ནི་ཐབས་སྐྱོ་དགོས་པ་ཞིག་རེད། དེའི་སྐོར་ཤེས་རིག་ལས་ཁུངས་ནས་ཚོགས་འདུ་བསྐོང་ཡོད། ང་ཚོས་གནས་ཚུལ་འདི་རིགས་ལ་དོ་སྣང་གིས་འཕྲལ་དུ་ཉེན་རྟོག་པར་རྩིས་སྤྲོད་ བྱེད་དགོས།
ཁ་སྔོན་སློབ་གྲྭ་ཁག་གི་འགན་འཛིན་ལྷན་ཚོགས་ཚོགས་སྐབས་སློབ་གྲྭའི་སློབ་སྤྱི་དང་། རེཀ་ཊར་སོགས་ནས་འགན་འཁུར་ཆེ་བཞེས་གནང་དགོས་ཀྱི་འདུག་ཅེས་ཞུས་པ་ཡིན། སློབ་གྲྭ་ཁག་ནང་ལས་བྱེད་གསར་འདེམས་སྐབས་ཡིད་གཟབ་བྱེད་དགོས། དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༦ ནང་བསྟན་འཛིན་སྒང་དུ་བློ་ཕམ་པའི་གནས་ཚུལ་བྱུང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་མི་རྣམས་གཞན་དང་མ་འདྲ་བ་ཡ་རབས་སྤྱོད་བཟང་དང་། ཞི་བདེར་བརྩི་འཇོག་བྱེད་མཁན་ཡིན་ཞེས་བཀའ་སློབ་སྩལ་དང་སྩོལ་མུས་ལྟར། ང་ཚོ་ཚང་མས་སྔར་ལྷག་འགན་འཁུར་ཤུགས་ཆེ་ཙམ་ལེན་དགོས་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད། ལྷག་པར་ད་ལྟའི་བཀའ་ཤག་ངོས་ནས་ཤེས་ཡོན་གལ་ཆེ་ཤོས་རྩི་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་ཞིབ་ཕྲ་གནང་།