༢༠༡༤ ཟླ་ ༨ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་གྲོང་ཁྱེར་ཧམ་བྷག་ཏུ་ཡུ་རོབ་རྒྱལ་ཁབ་ཁག་གཅིག་ནས་ཆེད་བཅར་ཞུས་པའི་བོད་རིགས་ ༦༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། ང་ཚོ་གངས་ཅན་པ་ཆོས་གྲོགས་རྒན་བྱིས་ཕོ་མོ་དེ་རིང་ཚོ་འདི་གར་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་མི་ལོ་ ༥༥ ལྷག་འགྲོ་གི་ཡོད། གཙོ་ཆེ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་དངོས་གནས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པར་བསྡད་ཡོད། མི་རབས་བརྗེ་འགྲོ་བཞིན་ཡོད་ཀྱང་མི་རབས་གསར་པ་ཚོ་ཧ་ལས་པའི་སེམས་ཤུགས་དང་བོད་མི་རིགས་ཀྱི་ཞེན་ཁོག་ཧ་ཅང་ཡག་པོ་འདུག ང་ཚོས་རང་ཉིད་ཀྱི་མི་རིགས་ལ་ཞེན་ཁོག་བྱེད་རྒྱུ་དེ་རྒྱུ་མཚན་ལྡན་པ་ཞིག་རེད། སྤྱིར་བཏང་འཛམ་གླིང་འདིའི་ཐོག་མི་རིགས་འདྲ་མིན་མང་དག་ཅིག་ཡོད། མང་ཆེ་བ་ཞིག་ལ་ཡི་གེ་མེད། ལཱ་ཌན་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀ། དེ་བཞིན་ཨ་རིའི་ནང་དུ་ཡང་གདོད་མའི་མི་རིགས་ཡོད། འོན་ཀྱང་ཡི་གེ་ཡོད་པ་ཧ་ལམ་མེད། ང་ཚོ་བོད་པ་ནི་ལོ་སྟོང་ཕྲག་ཕྱིན་པའི་མི་རིགས་ཤིག་ཡིན་པ་མ་ཟད། རང་ཉིད་ལ་ཡི་གེ་ཡང་ཡོད། ལྷག་པར་དེང་སྐབས་དངོས་ཡོད་ཀྱི་གནས་ཚུལ་ལ་འཛམ་གླིང་འདིའི་ཐོག་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཡོངས་སུ་རྫོགས་པ་འགྲེལ་བཤད་བོད་ཡིག་གིས་རྒྱག་ཐུབ་ཀྱི་ཡོད་པ་རེད་མ་གཏོགས་རྒྱ་ཡིག་སོགས་ཀྱིས་རྒྱག་ཐུབ་ཀྱི་མི་འདུག ལེགས་སྦྱར་སྐད་ཡིག་ནི་མཁས་དབང་རེ་ཟུང་གིས་མ་གཏོགས་བེད་སྤྱོད་གཏོང་རྒྱུ་མེད་པ་ཆགས་ཡོད། དེར་བརྟེན་འཛམ་གླིང་འདིའི་ཐོག་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འགྲེལ་བཤད་རྒྱག་རྒྱུ་དེ་བོད་ཡིག་ཡག་ཤོས་ཆགས་ཡོད། དེ་ནི་ང་ཚོའི་གཟི་བརྗིད་དང་མི་རིགས་ཀྱི་སྤོབས་པ་ཞིག་རེད། ངོས་རང་ལ་རྒྱ་རིགས་གྲོགས་པོ་ངོ་ཤེས་པ་མང་པོ་ཞིག་ཡོད། དེ་བཞིན་རྒྱ་རིགས་མཁས་པ་ངོ་ཤེས་པ་ཡང་མང་པོ་ཡོད།
དཔེར་ན། གཞུང་རྩ་བ་ཤེས་རབ་ལྟ་བུ་བོད་བསྒྱུར་མ་བྱས་གོང་ལ་རྒྱ་ཡིག་ནང་བསྒྱུར་ཡོད། དེ་བཞིན་རྒྱ་ཡིག་དང་བོད་ཡིག་ནང་ཡོད་པའི་གཞུང་གཉིས་པོ་ལས་ཆོས་ཚིག་ཧ་མ་གོ་མཁན་ཞིག་ཡིན་ན་གང་ཤེས་མ་གཏོགས་བོད་ཡིག་ནང་ཡོད་པ་དེ་གོ་བདེ་བ་ཡོད། གང་ལ་ཞེ་ན། རྒྱ་ཡིག་ནང་གི་ཆོས་ཚིག་མང་པོ་ཞིག་སྔ་མོའི་བརྡ་རྙིང་བྱས་ཏེ་གོ་ཐུབ་ཀྱི་མེད། དེར་བརྟེན་རྒྱ་རིགས་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དག་ཅིག་གིས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་འདུག དེ་ནི་ང་ཚོ་བོད་མི་རིགས་ཀྱིས་དངོས་གནས་སྤོབས་པ་སྐྱེ་དགོས་པ་ཞིག་རེད། ང་ཚོ་ས་མཐོན་པོར་རྩམ་པ་ཟས་ནས་ཁུམ་ཏེ་སྡོད་མཁན་ཞིག་རྩ་བ་ནས་མིན། ལོ་སྟོང་ཕྲག་གཅིག་གཉིས་རིང་བོད་ཡིག་ཧ་ལས་པས་ཡར་རྒྱས་ཕྱིན་ཏེ། བོད་ནང་སངས་རྒྱས་པའི་ཆོས་དཔལ་ལེནྡྲའི་མཁས་པའི་རྣམ་དཔྱོད་ང་ཚོ་བོད་པ་ཁོ་ནས་འཛིན་བཞིན་ཡོད་པ་རེད་མ་གཏོགས་སུ་གཅིག་མི་འདུག ང་ཚོ་བོད་པ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད། གཞིས་ལུས་མི་མང་མི་རབས་གསར་པ་ཚོས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་དགའ་ཞེན་བྱེད་ཀྱི་ཡོད་པ་རེད་ལ་བྱེད་རིན་ཆོག་པ་ཞིག་རེད། གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཧ་ལས་པའི་སེམས་ཤུགས་ཁྱེར་ཏེ་བསྡད་འདུག ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་མི་མང་ཆེ་བས་བོད་སྤྱི་པའི་ལས་དོན་མ་བརྗེད་པར། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་བོད་པ་གཅིག་གྱུར་ཡིན་པའི་འདུ་ཤེས་མ་དོར་བའི་སྒོ་ནས་རང་ཉིད་ས་ཕྱོགས་གང་དུ་གནས་ཡོད་རུང། བོད་པར་མཚན་ཤས་མ་འགྲོ་བ་བྱེད་རྒྱུས་མཚོན་བོད་པའི་ལ་རྒྱར་གནོད་པའི་ལས་ཀ་བྱེད་ཀྱི་མེད། རེ་ཟུང་གནས་ཚུལ་ཐ་དད་རེད། ར་བཟི་སྐབས་གང་བྱུང་མ་བྱུང་བྱེད་མཁན་དེ་འདྲ་ཡོང་གི་འདུག ང་ཚོ་བོད་པའི་གཞོན་སྐྱེས་ནང་ཆང་དང་ཨ་རག་ཚོད་མེད་འཐུང་མཁན་བོད་ནང་དུ་ཡོད་འདུག་པ་མ་ཟད། ལྷག་པར་ཉིན་མ་མ་འཁྱོལ་སྟབས་རྒྱན་རྩེད་རིགས་རྩེད་མཁན་ཕྲན་བུ་ཡོང་གི་འདུག ང་ཚོ་བཙན་བྱོལ་ནང་དུ་ཡང་དེ་དེ་བཞིན་ཡོང་གི་ཡོད་འདུག་པས་གཟབ་གཟབ་བྱེད་དགོས། ང་ཚོ་བོད་པའི་ངོ་ཤེས་རྒྱ་གར་བ་དང་ཕྱི་རྒྱལ་གྱི་ཡུལ་པ་ཚོས་བརྗོད་ཀྱི་འདུག
དཔེར་ན། ཨམ་འབར་སར་སུད་ཚོང་རྒྱག་མཁན་རྒྱ་གར་གྱི་ཚོང་པས། སྔ་མོ་བོད་པ་སྤུན་དོག་ཉོ་མཁན་རྣམས་ལ་བཟང་པོ་བློས་འགེལ་བྱས་ཏེ། སྤུན་དོག་བཙོང་སྟེ་རིན་པ་སུད་ཚོང་བརྒྱབ་ཟིན་རྗེས་བོད་པ་རྣམས་སོ་སོའི་གཞིས་ཆགས་ལ་འབྱོར་གྱི་ཡོད། དེ་དུས་རིན་པ་རྩིས་རྒྱག་གི་ཡོད་པ་རེད། ཅེས་བརྗོད་ཀྱི་འདུག ངོས་རང་ཐེངས་ཤིག་ཨོ་རི་སར་བསྐྱོད་སྐབས། ཨོ་རི་སའི་ཁྱིམ་ཚང་གཅིག་ནང་རྒྱ་གར་རྒྱ་བོ་ཞིག་བསྡད་འདུག ངོས་ཀྱིས་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་དམ་ཞེས་དྲིས་སྐབས། ཁོང་གིས་(Ludhiana) ང་ལུ་དི་ཡ་ནའི་ཚོང་པ་ཡིན། སྟོན་མཚམས་ལ་བོད་པར་སྤུན་དོག་བཙོང་སྟེ་ལོ་གསར་སྐབས་རིན་པ་ལེན་བར་ཡོང་བ་དང་ཆབས་ཅིག་ཁྱིམ་ཚང་འདིའི་ནང་སྐུ་མགྲོན་བྱས་ཏེ་བསྡད་ཡོད། ཅེས་བརྗོད་བྱུང། དེ་བཞིན་རྒྱ་གར་གྱི་ཚོང་པ་ཞིག་གིས་དེང་སྐབས་དེ་འདྲ་མི་འདུག ཁ་བསླུས་རྒྱག་མཁན་ཡོང་གི་ཡོད་པར་བརྟེན། སྤུན་དོག་ཕར་སྤྲད་ནས་དངུལ་ལམ་སེང་ལེན་གྱི་ཡོད། ཅེས་བརྗོད་འདུག དེར་བརྟེན་ང་ཚོའི་སྤུས་ཀ་ཕྲན་བུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་ལྟ་བུ་འདུག་པས། ཚང་མས་གཟབ་གཟབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་པར་རྒྱ་མི་རིགས་ནང་ཡིན་རུང་བོད་པ་སེམས་བཟང་དང་དྲང་གཞག ཉམ་ཆུང་ཡ་རབས་ཧ་ཅང་ཡག་པོ་འདུག ཅེས་རྗོད་མཁན་མང་པོ་ཡོད། མི་གཞན་གྱིས་ང་ཚོར་དགའ་པོ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་པའི་གཤིས་ཀ་སེམས་བཟང་དང་དྲང་གཞག ཉམ་ཆུང་ཡ་རབས་རྣམས་རིམ་བཞིན་ཉམས་ཆག་ཕྱིན་ན། དངུལ་སྤྲད་ནས་ཉོ་རྒྱུ་མེད། དཔལ་འབྱོར་ཡར་རྒྱས་ཕྱིན་ཏེ་རྒྱན་ཆ་མཆོར་པོ་ག་ཚོད་ཡོད་ཀྱང་མ་རབས་ཀྱི་སྤྱོད་པ་བྱེད་མཁན་ཞིག་ཡིན་ན། མི་གཞན་གྱིས་མཐོང་དང་དགའ་པོ་བྱེད་ཀྱི་མ་རེད།
དེར་བརྟེན་ང་ཚོ་མི་རིགས་གཙོ་བོ་ནང་པའི་ལྟ་གྲུབ་ཐོག་ནས་ཆུང་བྱིས་པའི་སྐབས་ནས་གོམས་གཤིས་ལ་སྲོག་གཅོད་ཀྱི་ལས་ཀ་མ་བྱེད་ཅེས་པ་ཞིག་འཇགས་ཡོད། དེ་ང་ཚོས་ལྷོད་གཡེང་དུ་མ་ཤོར་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ཁྱེད་རང་ཚོ་གཞོན་སྐྱེས་ཚོས་བོད་སྐད་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉིན་རེའི་འཚོ་བའི་ཁྲོད་བོད་སྐད་དེ་ཙམ་བེད་སྤྱོད་དང་ཕན་ཐོགས་མེད་པ་ལྟ་བུ་རེད། འོན་ཀྱང་ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་ཆེད་གཙོ་བོ་སོ་སོའི་སྐད་ཡིག་ཆགས་ཀྱི་ཡོད། གཉིས་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་དགོས་བྱུང་ན་བོད་སྐད་མ་སྦྱང་པར་ཐབས་ལམ་གཞན་མེད། དེར་བརྟེན་གཞོན་སྐྱེས་ཚོས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། ད་དུང་ཡིན་རུང་སྔར་ལྷག་འབད་བརྩོན་བྱེད་དགོས། སྤྱིར་བཏང་ངོས་རང་ཆབ་སྲིད་ཀྱི་ལས་འགན་བཞག་སྟེ་འགན་ཁུར་གང་ཡང་མེད། ཆོས་ཕྱོགས་ཐོག་ནས་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། རྒྱ་བོད་ཀྱི་གནས་སྟངས་ལ་ཆ་མཚོན་ན། གཙོ་བོ་རྒྱ་ནག་ནང་འགྱུར་བ་འགྲོ་དང་འགྲོ་མུས་རེད། འགྱུར་བ་འགྲོ་རྒྱུ་དེ་ཡང་རྒྱ་ནག་རང་ཉིད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་བལྟས་ན། ད་ལྟའི་འགྲོ་སྟངས་ལྟར་ཕྱིན་ན། ཕུགས་རྒྱང་རིང་པོའི་ཆ་ནས་རྒྱ་ནག་ལ་གནོད་རྒྱུ་མ་གཏོགས་ཕན་ཐོགས་མེད་པ་ཧ་ཅང་གསལ་པོ་རེད།
དཔེར་ན། དེང་སྐབས་རྒྱ་ནག་ནང་ཧ་ཅང་རྙོག་གྲ་ཆེན་པོ་ཡོང་གི་འདུག དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཆགས་ཏེ། ཞིང་པ་ཚོར་ཧ་ཅང་དཀའ་ངལ་འཕྲད་ཀྱི་འདུག ཁྲིམས་ཀྱི་དབང་བསྒྱུར་དང་ཕྱི་གསལ་ནང་གསལ་མེད་སྟབས་ཧ་ལས་པའི་དཀའ་ངལ་འཕྲད་བཞིན་འདུག དེར་བརྟེན་འགོ་ཁྲིད་ཚོའི་ནང་ལ་ཡིན་རུང་བསམ་བློ་གསར་པ་ཞིག་གཏོང་དགོས་འདུག་ཅེས་པའི་མཚམས་ཤིག་ལ་བསླེབས་ཡོད། འགྱུར་བ་ཏན་ཏན་འགྲོ་གི་རེད། སྤྱི་ཡོངས་ཀྱི་རྒྱ་ནག་ནང་དུ་ནང་པ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡོད་འདུག གང་ལྟར་དེང་སྐབས་འཛམ་གླིང་འདིའི་ཐོག་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་རྒྱ་ནག་ཆགས་ཡོད། དེ་སྔ་གུང་ཁྲན་ཏང་གིས་ཆོས་རྩ་མེད་བཟོ་རྒྱུས་མཚོན་ནང་པའི་ཆོས་ལ་སྡང་ཟུག་བྱེད་མཁན་གྱི་ལུང་པ་དེ་དེང་སྐབས་ནང་པ་མང་ཤོས་ཆགས་ཡོད། རྒྱ་ནག་གི་ལས་བྱེད་དང་དམག་དཔོན་སོགས་མང་པོ་ཞིག་གི་སེམས་ནང་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་དགའ་མོས་བྱེད་ཀྱི་འདུག དེ་ལྟ་བུའི་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་དགའ་མོས་བྱེད་མཁན་དེ་དག་གིས་བོད་ཀྱི་ནང་ཆོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་ཚོས་མི་ལོ་དྲུག་ཅུ་ལྷག་དཀའ་ངལ་མྱངས་པ་རེད། འོན་ཀྱང་ང་ཚོ་བོད་པ་སེམས་ཤུགས་མ་ཆག་པར་བསྡད་ཡོད། ང་ཚོས་འཐབ་རྩོད་བྱེད་རྒྱུ་ཡང་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་བྱམས་དང་སྙིང་རྗེ་ཉམས་མེད་ཐོག་བདེན་པའི་འཐབ་རྩོད་བྱས་དང་བྱེད་མུས་རེད། འཛམ་གླིང་འདིའི་ཐོག་བོད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་འདུག ལྷག་པར་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཡོངས་རྫོགས་ཀྱིས་བོད་པའི་དོན་བདག་ལ་སེམས་ཁུར་བྱེད་བཞིན་འདུག
དེར་བརྟེན་ང་ཚོ་ཚང་མས་སྔར་བཞིན་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱོས། འདི་གར་དགེ་འདུན་པ་མང་པོ་འདུག་པས་ཧུར་ཐག་གནང་དགོས། ཁྱེད་རང་ཚོ་ལུས་ཐོག་གྲྭ་ཆས་ཀྱིས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པའི་སྤུས་ཀ་སྟོན་བཞིན་ཡོད། ང་ཚོས་ཡག་པོ་བྱས་ན་མི་གཞན་གྱིས་དགའ་པོ་བྱེད་ཀྱི་རེད། དེ་མིན་གྲྭ་ཆས་གྱོན་ནས་སྤྱོད་པ་སློག་ན་གྲྭ་པར་བྱབ་མེད་པ་རེད། ཅེས་བརྗོད་མཁན་བྱུང་ན་ང་ཚོའི་ཞབས་འདྲེན་རེད། དེའི་ཐོག་གཟབ་གཟབ་གནང་རོགས། ད་ལྟ་བར་དུ་ཚང་མས་ཧུར་ཐག་འབད་ཐག་གནང་འདུག ད་དུང་ཡིན་རུང་སྔར་ལྷག་གནང་རོགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། །