༢༠༡༤ ཟླ་ ༨ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གི་གཏེར་འདོན་ཁེ་ལས་ཚན་པའི་འབྲེལ་ཡོད་མི་སྣ་དང་རླངས་འཁོར་བཅས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་རྡོ་སོལ་ཡོད་སར་འབྱོར་འདུག
དེ་ཡང་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༤ ཉིན་རྒྱ་ནག་གི་གཏེར་ལས་སྔོག་འདོན་ཚན་པའི་འབྲེལ་ཡོད་མི་སྣ་ཁག་གཅིག་དང་རླངས་འཁོར་བཅས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ཁོངས་རྡོ་སོལ་གཏེར་ཁ་ཡོད་སར་འབྱོར་ཡོད་འདུག་ཅིང་། ཁོ་པ་ཚོས་སླར་ཡང་ས་ཁུལ་དེའི་ནང་རྡོ་སོལ་སྔོག་འདོན་ཆེད་ཞིབ་འཇུག་གི་ལས་གཞི་སྤེལ་འཆར་ཡོད་པར་བརྟེན། ཡུལ་མི་ཚོས་སེམས་ཁྲལ་ཤུགས་ཆེ་གནང་བཞིན་ཡོད་འདུག ས་གནས་ཀྱི་བོད་མི་ཚོས་དེ་སྔོན་ཡང་རྡོ་སོལ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱས་ཡོད་ལ། ཐེངས་འདིར་ཡང་གལ་སྲིད་བོད་མིའི་བསམ་འཆར་ལ་བདག་སྤྲོད་མ་བྱས་ན། སླར་ཡང་ས་གནས་བོད་མི་ཚོས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་རྒྱུར་མ་གྲོས་གཅིག་མཐུན་ཡོང་བཞིན་ཡོད་འདུག
དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བཀྲིས་དར་རྒྱས་དང་། རྒྱ་ནག་གི་དཔོན་རིགས་ཁག་གཅིག་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ཏུ་བསླེབས་ཏེ། ཡུལ་ཤུལ་ཁུལ་རིམ་པའི་ཐག་གཅོད་ལྟར། ནང་ཆེན་ཨ་དགེ་སྐྱིད་ལུང་དུ་ཡང་བསྐྱར་གཏེར་ཁ་སྔོག་འདོན་བྱ་རྒྱུའི་དུས་ཚོད་རན་ཟིན་སྟབས། ས་གནས་ཡུལ་མི་ཚོས་དེར་འགོག་རྐྱེན་མི་བཟོ་བར་རྡོག་སོལ་སྔོག་འདོན་གྱི་ལས་གཞིར་མཐུན་འགྱུར་བསྐྲུན་དགོས་པའི་བརྡ་ལན་ནན་པོ་སྤྲད་ཡོད། སྤྱིར་བཏང་ཕྱི་ལོ་ ༢༠༠༠ ལོ་ཙམ་ནས་གཏེར་འདོན་ཁེ་ལས་ཚན་པ་འདྲ་མིན་བརྗེ་སྤོས་བྱས་ཏེ། ས་གནས་དེའི་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་སྐབས་སྙིགས་རོ་རྣམས་གང་སར་སྤུངས་བ་སོགས་བྱས་པར་བརྟེན། ཨ་དགེ་སྐྱིད་ལུང་གི་རྩྭ་ཐང་ལ་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། གཏེར་ཁ་སྔོག་འདོན་བྱས་པའི་ལོ་དེ་དག་དང་། ལྷག་པར་ ༢༠༠༩ ལོ་ནས་མི་དང་སྒོ་ཕྱུགས་སེམས་ཅན་ལ་དེ་སྔ་ཕོག་མྱོང་མེད་པའི་ནད་འདྲ་མིན་ཕོག་སྟེ་འཆི་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་པ་རྒྱུ་མཚན་བགྲངས་ཏེ། གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ས་གནས་བོད་མི་དང་། དགོན་པ་ཁག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟན་རྐྱེན་གྱིས་རྡོ་སོལ་གཏེར་ལས་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག