༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་ནག་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་སྦྱིན་པ་མཐར་ཕྱིན་ལགས་ཀྱི་བཟའ་ཟླས་རང་ཤི་བརྒྱབ་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་གཞུང་གིས་འདན་མ་ཤུག་པ་སྡེ་བའི་ནང་དམག་མི་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སྡེ་བའི་སྐྱེས་པ་ཚང་མ་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་རྡུང་རྡེག་བཏང་ནས་ཉུང་མཐར་བོད་མི་ ༥ འདས་གྲོངས་སུ་གྱུར་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་སྦྱིན་པ་མཐར་ཕྱིན་ལགས་ཀྱི་བཟའ་ཟླས་རང་ཉིད་ཀྱི་བཟའ་ཟླ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། སྐེ་ལ་ཐག་པ་བརྒྱབ་སྟེ་རང་ཤི་བརྒྱབ་ཡོད་པ་དང་། ཁོང་གི་མངལ་དུ་ཟླ་བ་ ༧ ཙམ་ལོན་པའི་ཕྲུ་གུ་ཞིག་ཀྱང་ཡོད་འདུག
གཞན་ཡང་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་ལགས་ཀྱི་ཨ་སྲུ་རང་ལོ་ ༦༤ ཡིན་པ་ཟླ་བ་ལྷ་མོ་ལགས་ལ་སེར་ཤུལ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་བཏང་སྟེ། ཀླད་ཁྲག་འདྲེས་ནས་ཁ་གྲག་རྒྱུ་མེད་པར་གྱུར་ཡོད་པ་མ་ཟད། གཟུགས་པོའང་འགུལ་སྐྱོད་མི་ཐུབ་པར་ཛ་དྲག་གི་གནས་སུ་ལྷུང་ཡོད་སྟབས། ཕྱི་ཚེས་ ༢༣ ཉིན་དར་མདོའི་སྨན་ཁང་ཞིག་ཏུ་ཛ་དྲག་ངང་ཁྱེར་ཡོད་ཀྱང་། ཁོང་ལ་ནད་གཡོག་ཏུ་ནང་མི་སོགས་སུ་གཅིག་ཀྱང་འགྲོ་མ་བཅུག་པར་རྒྱ་གཞུང་གི་ལྟ་རྟོག་འོག་སྨན་བཅོས་བྱེད་བཞིན་ཡོད་འདུག