༢༠༡༤ ཟླ་ ༨ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་འགྲུབ་རྫོང་གི་བོད་མི་དྲུག་ལ་ལོ་ ༨ ནས་ ༡༢ བར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡༥ ཉིན་དངོས་སུ་ལས་འགོ་བརྩམས་པའི་བོད་རང་སྐྱོང་ལྗོངས་ལྷུན་འགྲུབ་རྫོང་ཕོད་མདོ་ཆུ་བེད་ཨར་ལས་བཟོ་སྐྲུན་བསྟི་གནས་སུ། ཁྱོན་རྒྱ་སྒོར་དུང་ཕྱུར་ ༤༥.༦༩ ཙམ་གྱི་འགྲོ་སོང་བཏང་སྟེ། གློག་འདོན་གྱི་བྱ་བ་ལེགས་འགྲུབ་བྱུང་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཆུ་བེད་བསྟི་གནས་དེས་མ་འོངས་པར་ཆུ་ལོག་སྔོན་འགོག་དང་སྐྱེས་ཁམས་ཁོར་ཡུག་ལེགས་བཅོས་སོགས་ལ་ཕན་ནུས་ཆེན་པོ་འཐོན་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ལས་གཞི་དེའི་སྔ་གཞུག་ཏུ་ཉེ་འཁྲིས་ཀྱི་དུད་ཁྱིམ་ ༡༠༠ ལྷག་གི་བོད་མི་ ༧༠༠ ཉེ་བ་བཙན་གྱིས་གནས་སྤོ་རུ་བཅུག་ཡོད་པ་མ་ཟད། འདས་པའི་ལོ་འགའི་ནང་ཉེ་འཁོར་གྱི་རི་བོ་རྣམས་གས་རྫས་ཀྱིས་གཏོར་ཏེ་གཏེར་ཁ་འབོར་ཆེན་སྔོག་འདོན་བྱས་ནས། ཁོར་ཡུག་ལ་འབག་བཙོག་ཆེན་པོ་བཟོས་རྐྱེན་སྒོ་ཕྱུགས་མང་པོ་ཤི་སྐྱོན་བྱུང་ཡོད།
དེ་བཞིན་ཡུལ་མིའི་ཁང་པ་དང་ཞིང་ཁ་སོགས་ལའང་གནོད་སྐྱོན་ཐེབས་པར་བརྟེན། ས་གནས་བོད་མི་ཚོས་ཐེངས་མང་པོར་ལས་མཚམས་འཇོག་དགོས་པའི་རེ་སྐུལ་བྱས་ཀྱང་ཕན་འབྲས་ཐོན་མེད་སྟབས། ཕྱི་ལོ་ ༢༠༡༡ ཟླ་ ༤ ནང་བོད་མི་ཚོས་ལས་གཞི་མཚམས་འཇོག་དགོས་པའི་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་མི་མང་ལ་གཅར་རྡུང་དྲག་གནོན་བྱས་ཡོད་པ་མ་ཟད། སྐབས་དེར་ལོ་ན་སུམ་ཅུ་སོ་གྲངས་ལ་སོན་པའི་ངག་དབང་ཡེ་ཤེས་ལགས་དང་པདྨ་རྒྱལ་པོ་ལགས། ཀུན་དགའ་ལགས། ཆོས་དབྱངས་འོད་ཟེར་ལགས། སྤེན་པ་རྒྱལ་པོ་ལགས། པདྨ་ལགས་བཅས་བོད་མི་ ༦ འཛིན་བཟུང་བྱས་ཏེ། ལོ་ ༨ ནས་ ༡༢ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག བོད་མི་དེ་ཚོ་འཛིན་བཟུང་བྱས་རྗེས། ལོ་གཅིག་ལྷག་ཙམ་རིང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ཀྱང་།
ཉེ་སྔོན་ཀུན་དགའ་ལགས་དང་པདྨ་ལགས་གཉིས་ལ་ལོ་ ༡༢ དང་། ངག་དབང་ཡེ་ཤེས་ལགས་དང་ཆོས་དབྱངས་འོད་ཟེར་ལགས། སྤེན་པ་རྒྱལ་པོ་ལགས་བཅས་ལ་ལོ་ ༡༡། པདྨ་རྒྱལ་པོ་ལགས་ལ་ལོ་ ༨ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ལྷ་ས་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག འོན་ཀྱང་རྒྱ་གཞུང་གིས་ས་གནས་སུ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་སྟབས། ཡུལ་མི་ཚོས་ཁྲིམས་ཐག་ག་དུས་བཅད་པ་སོགས་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་ཕོད་ཀྱི་མེད་པའི་གནས་སུ་ལྷུང་འདུག