༢༠༡༤ ཟླ་ ༨ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཚོགས་ཐེངས་གཉིས་པའི་གྲོས་ཆོད་རྒྱབ་གཉེར་སྙན་ཐོ་དཔལ་ལྡན་བཀའ་ཤག་ལ་ཕུལ་བའི་ཁོངས། “རྒྱལ་སྤྱིའི་གཞས་པ་གཞས་མ་སྙན་གྲགས་ཅན་ལྷན་དུ་བོད་དོན་ཁྱབ་བསྒྲགས་ཇེ་ཆེར་གཏོང་རྒྱུ་སྔར་ལྷག་འབད་བརྩོན་ཞུ་རྒྱུ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞས་ཚིག་གསར་རྩོམ་གྱི་འགྲན་བསྡུར་གནང་སྟེ་འོད་སྡེར་ཟུར་དུ་འདོན་རྒྱུའི་ཐབས་ཤེས་བྱ་རྒྱུ། ” ཞེས་གསལ་བ་བཞིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འདི་གར་བཀོད་ཁྱབ་གནང་བ་ལྟར། རང་རེ་གངས་ཅན་པ་རྣམས་ཀྱི་སྙིང་ལ་ཉེ་བའི་རང་གི་ཕ་ཡུལ་བོད་གངས་ཅན་ལྗོངས་སུ་རྒྱ་ནག་གཞུང་གི་བཙན་དབང་འོག་ཆབ་སྲིད་ཀྱི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་མུས་དང་། རང་རིགས་སྤུན་ཟླ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དག་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ། དགོས་པ་དང་རྒྱུ་མཚན་ཡང་དག་གང་ཡང་མེད་པའི་ཐོག་གློ་བུར་འཛིན་བཟུང་དང་། བཙན་ཁྲིད། དོ་དམ། བཙོན་འཇུག་སོགས་བྱས་པ་མ་ཟད། སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པ། དགོན་སྡེ་ཁག་གི་ནང་དམག་དཔུང་འགྲེམས་འཇོག་གིས་དམིགས་བསལ་དམ་བསྒྲགས་བྱེད་པ། བོད་ཀྱི་ཆོས་དང་རིག་གཞུང་གི་བླ་སྲོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་མུས་བཅས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་བརྗོད་བྱེད་པའི་གཞས་ཚིག་གསར་རྩོམ་གྱིས་འོད་སྡེར་འདོན་སྤེལ་བྱ་རྒྱུ་ཡིན་ཞིང་། གཞས་ཚིག་དེའང་འགྲན་བསྡུར་གྱི་ལམ་ནས་དྲག་འདེམས་བྱ་རྒྱུ་ལགས་ན། རང་རིགས་དོན་གཉེར་ཅན་རྣམས་ནས་འགྲན་བསྡུར་ནང་མཉམ་ཞུགས་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།། བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ལ།།
ཐུགས་སྣང་།
༡། གཞས་ཚིག་ཚིག་རྐང་ ༦ ནས་ ༩ བར།
༢། གཞས་ཚིག་ཤོ་ལོ་ཀ་ ༥ ནས་ ༧ བར།
༣། གཞས་ཚིག་ལེགས་ཤོས་ ༨ ནས་ ༡༠ བར་དྲག་འདེམས་དང་འབྲེལ་བྱ་དགའ་གནང་རྒྱུ་དང་། དྲག་འདེམས་བྱུང་བའི་རྩོམ་པ་པོ་སོ་སོའི་མིང་དང་འདྲ་པར་གཞས་ཀྱི་འོད་སྡེར་ནང་འདོན་སྤེལ་བྱ་རྒྱུ།
༤། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ནང་ཚུད་གཞས་ཚིག་རྩོམ་ཤོག་བོད་ཀྱི་ཟློས་གར་ཚོགས་པར་གཤམ་གསལ་ཁ་བྱང་ཐོག་གནང་འབྱོར་དགོས་རྒྱུ།
Director Tibetan Institute of Performing Arts P.O. Mcleod Ganj-176219 Distt. Kangra, H.P. Email: [email protected]