༢༠༡༤ ཟླ་ ༨ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣༡ ནས་ཟླ་ ༨ ཚེས་ ༦ བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་སྡེ་ར་ལྡུན་དང་ཧ་པུར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་ཁག་གཅིག་ནང་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་གོ་རྟོགས་སྤེལ་འདུག
དེ་ཡང་ཕྱི་ཟླ་ ༨ ཚེས་ ༡ ཉིན་འཕྲོད་བསྟེན་དྲུང་ཆེས་གླིང་ཚང་བོད་མིའི་གཞིས་ཆགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མིའི་མངོན་འདོད་གང་དང་གང་སྒྲུབ་ཐུབ་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་སྐུའི་མཛད་རྗེས་སོགས་ཀྱི་ཐོག་གསུང་བཤད་གནང་འདུག ཕྱི་ཚེས་ ༢ ཉིན་ཧ་རི་ཌ་ཝར་ Haridwar ས་གནས་སུ་གནས་སྡོད་བོད་མི་རྣམས་ལའང་གོང་མཚུངས་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག དེ་ནས་ནེ་ནི་ཏལ་ Nainital ས་གནས་སུ་བོད་རིགས་རྣམས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་ཡིན་འདུག གཞན་ཡང་འཕྲོད་བསྟེན་དྲུང་ཆེས་མངོན་དགའ་སློབ་གྲྭ་དང་བདེ་སྐྱིད་གླིང་སྨན་ཁང་བཅས་སུའང་གཟིགས་སྐོར་ལ་ཕེབས་འདུག