༢༠༡༤ ཟླ་ ༨ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Eco monitors Society) དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་གིས་རྒྱལ་ས་ལྡི་ལིའི་ (I IC) ཞེས་པའི་རྒྱ་གར་དང་རྒྱལ་སྤྱིའི་བསྟི་གནས་ཁང་དུ་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཐོག་རྒྱ་གར་གྱི་དམག་སྤྱི་ཟུར་པ་ (Major General Vinod Sehgal) ཝེ་ནོ་ཌེ་སེ་གལ་མཆོག་གིས་རྒྱ་ནག་གི་ཤུགས་རྐྱེན་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། སྤྱིར་བཏང་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་དང་། དམག་དོན་གྱི་སྟོབས་ཤུགས་ཞན་པོ་ཡོད་པ་མ་ཟད།
ལྷག་པར་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་ལས་བསྡུས་པའི་གཞུང་འཛིན་འགོ་ཁྲིད་ཐག་ཆོད་པོ་ཞིག་བསླེབས་མ་ཐུབ་པར་བརྟེན། རྒྱ་དཀར་ནག་གཉིས་དབར་དཔུང་པ་མཉམ་གཤིབས་ཐོག་ནས་གྲོས་མོལ་བྱེད་ཐུབ་མེད། འོན་ཀྱང་ད་ལྟའི་ཆར་རྒྱ་གར་མི་དམངས་ནས་མང་འོས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་སྲིད་བྱུས་ཐོག་ཐེ་ཚོམ་བྱེད་མི་དགོས་པ་ཞིག་བསླེབས་ཡོད་སྟབས། རྒྱ་ནག་དང་ལྷན་དཔུང་པ་མཉམ་གཤིབས་ཐོག་ནས་གྲོས་མོལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གཞུང་ནས་ད་ལྟ་བར་དུ་མགོ་སྐོར་བསླུ་བྲིད་འོག་ས་མཚམས་ཀྱི་གནད་དོན་ཙམ་ལས། རྒྱ་དཀར་ནག་དབར་དཀའ་ངལ་གཞན་མེད་མདོག་བྱས་ཏེ་ཨ་རུ་ན་ཅལ་དང་། དེ་བཞིན་མཐོང་མཆན་གྱི་གནས་ཚུལ་གླེང་སྟེ། གནད་དོན་དེ་རྣམས་སེལ་ན་རྒྱ་དཀར་ནག་དབར་གྱི་དཀའ་ངལ་ཡོངས་རྫོགས་སེལ་ཐུབ་པའི་ཆབ་སྲིད་འཁྲབ་བཞིན་ཡོད། དོན་དངོས་ཐོག་མཐོ་སྒང་བོད་ཀྱི་གནད་དོན་ནི་ང་ཚོའི་མི་རབས་གསར་པ་ཚོའི་མ་འོངས་པ་ཡིན་པ་མ་ཟད། བོད་ནང་གི་དཀའ་ངལ་དེ་དག་རྒྱ་གར་དང་འཛམ་གླིང་སྤྱིའི་དཀའ་ངལ་ཞིག་ཀྱང་ཆགས་ཡོད། ལྷག་པར་བོད་དང་རྒྱ་གར་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད། མདོར་ན། ད་ལྟ་བོད་ནང་དཀའ་ངལ་འོག་འཛམ་གླིང་འདིར་དགོས་མཁོ་ཅན་གྱི་རྩ་ཆེན་རིག་གཞུང་རྣམས་རྩ་བརླག་འགྲོ་ཉེན་ཡོད་པར་བརྟེན། རྒྱ་གར་གཞུང་ཕྱོགས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་རྒྱལ་ཁབ་འདིའི་ནང་ཡོད་པའི་གོ་སྐབས་བླངས་ཏེ། བོད་ཆགས་འཇིག་གི་གནད་དོན་ཐོག་འགན་ཁུར་ལེན་དགོས་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད།
དེ་བཞིན་རྒྱ་ནག་དང་མ་འོངས་པར་གྲོས་མོལ་བྱེད་སྐབས་ས་མཚམས་ཀྱི་གནད་དོན་ཙམ་མིན་པར། མཐོ་སྒང་བོད་ཀྱི་གནད་དོན་གླེང་སློང་ངེས་པར་དུ་གནང་དགོས། ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ལ་ཕེབས་ཀྱི་ཡོད་པར་བརྟེན། རྒྱ་གར་གཞུང་དམངས་གཉིས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་པ་མ་ཟད། ཁོང་ལ་རྒྱ་གར་གཞུང་དམངས་གཉིས་ནས་འཛམ་གླིང་འདིར་མིག་དཔེ་འོས་པའི་ཆེ་བསྟོད་གཟེངས་སུ་ཐོན་པ་ཞིག་འབུལ་ལམ་ཞུ་དགོས་པ་ཡིན། ད་ནས་བཟུང་རྒྱ་དཀར་ནག་དབར་འབྲེལ་ལམ་བྱེད་སྐབས། བོད་མིའི་དབུ་ཁྲིད་དང་བོད་མིའི་སྒྲིག་འཛུགས་རྒྱལ་ཁབ་འདིའི་ནང་ཡོད་པའི་གོ་སྐབས་བཟུང་སྟེ། འཛམ་གླིང་ནང་རྒྱ་ནག་གཞུང་གིས་གང་བཤད་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་བར་རྒྱ་གར་གྱིས་སྣེ་ཁྲིད་བྱེད་ཐུབ་པ་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང།
ལྷན་ཚོགས་འདིའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་འཐུས་ཁག་གཅིག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་པའི་སྐུ་ཚབ་དང། རྒྱ་དཀར་ནག་གི་འབྲེལ་བའི་ཐོག་དོ་སྣང་ཅན་གྱི་ཞིབ་འཇུག་པ་སོགས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་བྱུང་ཡོད་འདུག