༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཡུ་རོབ་སོགས་ནང་ཆིབས་སྒྱུར་བསྐྱངས་སྐབས་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད། སྐབས་དེར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བོད་མི་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གི་མིང་གཞུང་དང་འདྲ་དཔར་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་བ་དེའི་རྒྱུ་མཚན་ཇི་ཡིན་ཐོག་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་འཁོད་དོན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་དང་ཨ་རིའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་སྐད་འབོད་དང་མཚན་སྨད་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་གི་མིང་དང་ལོ་རྒྱུས་སོགས་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་བ་དེར་རྒྱུ་མཚན་གསལ་བཤད་དགོས་པའི་བསམ་ཚུལ་དུ་མ་བྱུང་བར་བརྟེན། གཤམ་དུ་གསལ་བཤད་ཞུ་རྒྱུ་ཡིན། ཁོ་པ་ཚོའི་མིང་གཞུང་དྲིལ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཉེན་སྲུང་དང་། བོད་མིའི་སྤྱི་ཚོགས་ཁྲོད་ཁོ་པ་ཚོས་མི་བསད་གཏོར་བཅོམ་དང་། ཉེས་རྡུང་བཏང་བ་སོགས་དྲག་སྤྱོད་ཀྱི་ལས་བཙམས་པ་རྣམས་མང་ཚོགས་ཀྱིས་མཁྱེན་རྟོགས་སླད་ཡིན། རྒྱ་གར་དང་ཨ་རིའི་སྲིད་གཞུང་གཉིས་ཀས་༸གོང་ས་མཆོག་གི་སྐུ་ཕྱྭར་དོལ་རྒྱལ་རྗེས་འབྲང་པས་ཉེན་ཁ་བཟོ་བཞིན་ཡོད་པ་ངོས་ལེན་གནང་ཡོད། ལོ་ཤས་རིང་ནས་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་དང་མཚན་སྨད་ཞུ་རྒྱུའི་ལས་འགུལ་འགོ་བཙུགས་ཡོད་པ་མ་ཟད། ད་ཆ་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་མཆོག་སྐུ་སྒེར་ལ་དམིགས་འཛུགས་བྱས་ཏེ་མགོན་པོ་གང་ཉིད་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་སྐད་འབོད་བྱས་པ་མ་ཟད། སྐུའི་ཉེ་ཁྲིས་སུ་བཅར་ནས་ཏཱ་ལའི་བླ་མ་རྫུན་མ་རེད། གཅིག་བསྡུས་དབང་འཛིན་པ་རེད། ཅེས་མཚན་སྨད་ཤུགས་ཆེ་བྱས་པར་བརྟེན་བོད་མིའི་སྤྱི་ཚོགས་ཁྲོད་སེམས་འཚབ་དང་བཅས་ཧ་ཅང་འདྲོགས་དགོས་པའི་གནས་ཚུལ་བྱུང་ཡོད། དེར་བརྟེན་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་སྐད་འབོད་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་དེ་དག་སུ་ཡིན་གྱི་ངོ་སྤྲོད་ལོ་རྒྱུས་སོགས་བོད་མིའི་སྤྱི་ཚོགས་ཁྲོད་དྲིལ་བསྒྲགས་བྱ་རྒྱུ་ང་ཚོའི་ལས་འགན་ཡིན། བོད་མིའི་བདེ་དོན་ཆེད་འཛིན་སྐྱོང་གི་འགན་ཆ་ཚང་བོད་མིའི་སྒྲིག་འཛུགས་ལ་ཡོད་པར་བརྟེན། མང་ཚོགས་ཀྱི་དཀའ་ངལ་དང་སེམས་འཚབ་ལ་འགན་ཞིག་འཁྱེར་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་ནི་ང་ཚོའི་ཟློག་ཏུ་མེད་པའི་ལས་འགན་ཞིག་ཆགས་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནད་དོན་རྣམས་ང་ཚོས་གལ་གནད་ཆེ་ཤོས་དང་ཛ་དྲག་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།
སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གསལ་སྟོན་བྱས་པའི་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་དོལ་རྒྱལ་ཚོགས་པ་རང་ཉིད་ཀྱི་བརྒྱུད་ལམ་ཁག་གི་ནང་ནས་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཆགས་ཟིན། དེའི་ཁྲོད་ཁོ་པ་ཁག་གཅིག་རྒྱ་གཞུང་གི་ལས་བྱེད་པ་དང་ལྷན་པར་བརྒྱབ་པ་རྣམས་དོལ་རྒྱལ་ཚོགས་པའི་ཡུ་ཊུབ་གློག་བརྙན་དང་། ངོ་དེབ་སོགས་ནང་བཅུག་ཡོད། དོལ་རྒྱལ་ཚོགས་པའི་དྲ་རྒྱར་གཟིགས་རྒྱུའི་མཐུན་རྐྱེན་མེད་པའི་བོད་རིགས་རྣམས་ལ་དེའི་སྐོར་གསལ་བཤད་དང་གོ་རྟོགས་སྤེལ་རྒྱུ་བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགན་དུ་རྩི་བཞིན་ཡོད།
འགན་ཁུར་དང་དྲང་བདེན་གྱི་ལམ་ནས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་དགོས་པ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརྟན་པོ་ཡོད། བོད་མིའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ཡིན་པར་བརྟེན། དོལ་རྒྱལ་གྱི་རྙོག་གྲ་ལྟ་བུ། བོད་མི་ནང་ཁུལ་གྱི་རྙོག་གྲ་དེ་ཡང་ལྟ་གྲུབ་དེའི་ཐོག་ནས་སེལ་དགོས་པ་ཆགས་ཡོད། དོལ་རྒྱལ་རྗེས་འབྲང་པའི་མིང་གཞུང་ཕྱིར་གྲགས་བྱས་པ་ནས་བཟུང་ད་བར་ཁོ་པ་སུ་གཅིག་ལའང་བོད་མི་ཚོས་གནོད་འཚེ་བྱས་མེད་པ་དེས་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་པ་གསལ་སྟོན་བྱས་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་རང་དབང་ཐོག་ནས་དོལ་རྒྱལ་བསྟེན་གསོལ་བྱེད་བཞིན་ཡོད་པ་མ་ཟད། ཁོ་པ་ཚོར་རྒྱ་གར་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དང་། སློབ་གྲྭ ཤེས་ཡོན་ཆེད་སློབ་ཡོན། དེ་བཞིན་འཕྲོད་བསྟེན་དང་རྒན་ཕོགས་སོགས་བོད་མི་སྤྱི་འདྲ་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཡོད།
ཕ་མ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་གཅིག་ཀྱང་བྱུང་མྱོང་མེད། ཁོ་པ་ཚོར་ཆོས་དད་རང་དབང་མེད་ཚུལ་བརྗོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཐོག་རྒྱ་གར་གཞུང་གི་ངོ་སྤྲོད་ལག་འཁྱེར་འཁྱེར་ནས་རྒྱ་གར་ནང་ཙམ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་གང་སར་མུ་མཐུད་བསྐོར་སྐྱོད་བྱེད་བཞིན་ཡོད། འོན་ཀྱང་དོལ་རྒྱལ་རྗེས་འབྲང་པ་ཚོས་ཨ་རི་དང་ཡུ་རོབ་སོགས་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་དང་། སྐྱབས་བཅོལ་བའི་ཐོབ་ཐང་རག་ཐབས་ཆེད་ཁོ་པ་ཚོས་ཆོས་དད་རང་དབང་ལ་བསྙད་འདོགས་བྱེད་སྲིད། འོན་ཀྱང་ཁོ་པ་ཚོ་ཕྱི་རྒྱལ་དུ་བསྐྱོད་ཐུབ་པ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་གཉེར་སྤྲད་པ་ལས་བྱུང་ཡོད། དེར་བརྟེན་ཁོ་པ་ཚོར་ཆོས་དད་རང་དབང་དང་། རྒྱ་གར་ནང་སྡོད་རྒྱུ། དེ་བཞིན་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་ཐོབ་ཐང་གང་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་འཕྲོག་བྱས་མེད། ད་ཆ་དོལ་རྒྱལ་རྗེས་འབྲང་པ་རྣམས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རྒྱུའི་ལག་ཆར་གྱུར་ཡོད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས།