༢༠༡༤ ཟླ་ ༨ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༤ ནས་ ༨ བར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྡ་སའི་ཉེ་འཁོར་བཀྲ་ཤིས་ལྗོངས་དང་། སྦིར། ཅོན་ཏ་ར་ཁུལ་གྱི་དགོན་པ་དང་མང་ཚོགས། སློབ་གྲྭ་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་དབུ་མའི་ལམ་གྱི་གོ་རྟོགས་རྒྱ་ཆེ་སྤེལ་ཡོད། དེ་ཡང་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༤ ཉིན་གྱི་སྔ་དྲོར་བཀྲ་ཤིས་ལྗོངས་གཞིས་ཆགས་ས་གནས་ཚོགས་མི་དང་མང་ཚོགས་དང་། ཕྱི་ཚེས་ ༥ ཉིན་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དགོན་པ། ཕྱི་ཚེས་ ༦ ཉིན་དཔལ་སྤུངས་ཤེས་རབ་གླིང་དགོན་པ་དང་སྦིར་བོད་ཚོགས་མང་ཚོགས། ཕྱི་ཚེས་ ༧ ཉིན་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭར་སྡེ་དགེ་དང་ནང་ཆེན། ཕྱི་ཚེས་ ༨ ཉིན་སྦིར་ཉིན་སློབ་ཏུ་སྡེ་དགེ་དང་། ནང་ཆེན། མཆོག་གླིང་དགོན་པའི་ལས་སྣེ། གསར་འབྱོར་སྐྱིད་སྡུག་བཅས་སྡེ་ཁག་སོ་སོར་ཐོག་མར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་སླད་མང་ཚོགས་རྣམས་ལ་སྐུའི་རླབས་ཆེན་གྱི་མཛད་ཁུར་གསུམ་རིམ་པ་བཞིན་ངོ་སྤྲོད་གནང་ཡོད།
མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་སླད་འཛམ་གླི་ས་ཕྱོགས་གང་སར་སྐུ་ངལ་འཛེམ་མེད་ཐོག་ཆིབས་སྒྱུར་བསྐྱངས་ཏེ་མིའི་རིགས་ཀྱི་བཟང་སྤྱོད་གོང་སྤེལ་སླད་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་བཞིན་ཕན་རླབས་བརྗོད་ལས་འདས་པ་བྱུང་ཡོད་པའི་སྐོར་དང་།
མཛད་ཁུར་གཉིས་པ།
འཛམ་གླིང་སྟེང་གི་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་གནང་མཛད་རྒྱུ་དེ་ཡིན་པ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཆོས་ལུགས་འདྲ་མིན་གྱི་གནད་ཡོད་མི་སྣ་མཇལ་འཕྲད་མཛད་དེ་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་གནང་མཛད་ཡོད་ཅིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པ་སོགས་ཀྱི་སྐོར།
མཛད་ཁུརགསུམ་པ།
མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་མཛད་ཡོད་པ་བཅས་ཀྱི་མཛད་ཁུར་རྣམས་ངོ་སྤྲོད་གནང་སྟེ་༸རྒྱལ་བའི་བཀའ་དྲིན་ལ་རྗེས་དྲན་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་ནི་དུས་རབས་ ༢༠ དང་ ༢༡ འདིའི་ནང་ཁྱད་དུ་འཕགས་པའི་དབུ་ཁྲིད་ཅིག་ཡིན་པར་རྒྱལ་སྤྱིའི་ཐོག་གཟེངས་བསྟོད་གྲངས་ ༡༥༠ ཕུལ་ཡོད་ལ་དེ་མིན་མཚན་གནས་ཧ་ཅང་མང་པོ་འབུལ་བཞེས་མཛད་ཡོད་པའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
གཞན་ཡང་བུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་སྤྲོད་དང་དེའི་ངོ་བོ་དང་བྱུང་རིམ། རྒྱབ་ལྗོངས། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མིའི་མངོན་འདོད་གང་དང་གང་སྒྲུབ་ཐུབ་པ། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཧ་ཅང་བརྟན་པོ་ཞིག་དང་ལམ་བཟང་པོ་ཞིག་ཡིན་པ་སོགས་ངོ་སྤྲོད་ཁ་གསལ་གནང་སྟེ་མཐར་མི་མང་གི་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད་པ་བཅས།།