༢༠༡༤ ཟླ་ ༨ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་དོལ་རྒྱལ་སྐོར་བླང་དོར་གསུང་བཤད་གནང་དོན། དེ་རིང་འདིར་ཚོགས་འདུར་ཕེབས་པའི་དགེ་འདུན་པ་རྣམ་པ་དང་། སུ་ཇཱ་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་དང་སློབ་སྤྱི་དགེ་ལས་ཀྱིས་གཙོས་ལས་བྱེད་དང་བརྩེ་བའི་སློབ་ཕྲུག་བཅས་ཚང་མར་འདིར་ངོ་སྤྲོད་གནང་བ་བཞིན། ཐེངས་འདིར་དམིགས་བསལ་དགོས་མཁོ་ཞིག་གི་ཐོག་གོ་པལ་པུར་དང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ། དེ་བཞིན་སློབ་གྲྭ་འདི་བཅས་སློབ་གྲྭ་ཁག་གསུམ་ལ་གནས་ཚུལ་འགའ་ཤས་གསལ་བཤད་བྱེད་རྒྱུའི་ཆེད་དུ་བཅར་ཡོད། ཁ་སྔོན་ཟླ་བ་སྔོན་མའི་ཟླ་མཇུག་ལ་བཅར་རྒྱུ་བྱས་པ་རེད། འོན་ཀྱང་སྐབས་དེར་གཟུགས་གཞི་བདེ་མིན་ལ་བརྟེན་བཅར་ཐུབ་མ་སོང་བར་བརྟེན་དགོངས་གསོལ་ཞུ་རྒྱུ་ཡིན། དེ་རིང་འདིར་གསལ་བཤད་དང་གོ་བསྡུར་ཞུ་རྒྱུའི་བརྗོད་གཞི་འདི། ཉེ་ཆར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ནང་བོད་རིགས་མང་པོ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་བཀའ་དྲིན་བསྐྱངས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་པ་གཉིས་ལ་གོ་སྒྲིག་ཚོགས་ཆུང་གིས་རེ་འདུན་ཞུས་པ་བཞིན་དོལ་རྒྱལ་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་ཕྱོགས་དང་སྲིད་བྱུས། བཞེངས་ཕྱོགས་གང་ཡིན་སྐོར་ལ་ངོ་སྤྲོད་གནང་རྒྱུའི་ལས་རིམ་ཞིག་བཟོས་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་གསུང་བཤད་ཟབ་རྒྱས་གནང་འདུག གསུང་བཤད་དེའི་མཇུག་ཏུ་སློབ་ཕྲུག་ཚོའི་དྲི་བ་དྲིས་ལན་སྐབས་དྲི་བ་འདྲ་མིན་སྣ་ཚོགས་ཤིག་ཞུས་འདུག ཚོགས་གཙོར་དྲི་བ་ཞུ་མཁན་ལྔ་དང་། སྲིད་སྐྱོང་ལ་དྲི་བ་ཞུ་མཁན་དྲུག་བྱུང་ནས་ཁྱོན་དྲི་བ་བཅུ་ཅིག་བྱུང་འདུག དྲི་བ་ཚང་མ་འབྲེལ་བ་ཡོད་པ་མ་རེད། འོན་ཀྱང་དེའི་ནང་ནས་ང་ཚོས་དོ་སྣང་བྱེད་དགོས་པའི་དྲི་བ་དྲུག་འདུག དྲི་བ་དྲུག་པོ་འདི་ཚིག་བརྗོད་བཟོ་སྟངས་འདྲ་མིན་ཙམ་མ་གཏོགས་དོན་དག་རྡོག་རྡོག་དེ་དྲི་བ་ཞུ་མཁན་ཚོའི་བསམ་བློའི་ནང་དོལ་རྒྱལ་རྗེས་འབྲང་པ་ཚོར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནང་ཕྱོགས་འདི་ཡང་དག་པ་ཞིག་དང་དྲང་པོ་རང་མ་བྱུང་བའི་ཚོར་སྣང་ཡོད་པའི་བཟོ་འདྲ་ཞིག་དྲི་བའི་ནང་ཐོན་བཞིན་འདུག གང་ཡིན་བརྗོད་ན།
དྲི་བ་འགའ་ཤས་ནང་དེང་སྐབས་དོལ་རྒྱལ་གནས་སྟངས་འདི་ཆབ་སྲིད་དང་འབྲེལ་བ་ཆགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བེད་སྤྱོད་གཏོང་བཞིན་ཡོད་པར་བརྟེན། དེར་ང་ཚོས་ཁ་གཏད་དང་གདོང་ལེན་ཤུགས་ཆེ་བྱས་ཚེ་བོད་པའི་མང་ཚོགས་ཀྱི་ཆིག་སྒྲིལ་ལ་གནོད་ཀྱི་མ་རེད་དམ་ཅེས་དང་། མ་འོངས་པར་བོད་དོན་བདེན་མཐའ་གསལ་སྐབས་ཁོ་པ་ཚོའི་ནུས་ཤུགས་མུ་མཐུད་བསྡད་པ་ཡིན་ན། བོད་པ་ཁ་བྲལ་ལ་ཕྱིན་ནས་རྒྱ་གར་དང་པ་ཀི་སི་ཐན་རྒྱལ་ཁབ་གཉིས་ཆགས་པ་བཞིན་གནས་ཚུལ་དེ་འདྲ་ཡོང་རྒྱུ་མ་རེད་དམ། ཞེས་དང་། སྤྱི་ཚོགས་ནང་ཁོ་པ་ཚོར་དབྱེ་འབྱེད་བྱས་པ་དེ་དྲང་བདེན་ཆགས་ཀྱི་ཡོད་དམ་ཞེས་དང་། ལྷག་པར་དྲི་བ་གཏོང་མཁན་སློབ་ཕྲུག་དེས་མཐོང་ཚུལ་ལ་སྤྱི་ཚོགས་ནང་ཁོ་པ་ཚོར་ཕྲན་བུའི་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དང་། དཔེར་ན། སློབ་གྲྭའི་ནང་དུ་སློབ་ཕྲུག་གཅིག་དོལ་རྒྱལ་བསྟེན་མཁན་ཡིན་པ་ཤེས་ན། སློབ་ཕྲུག་གཞན་ཚོས་ཁོ་པར་མཐོང་ཆུང་དང་མི་དགའ་བ་བྱ་རྒྱུའི་གནས་ཚུལ་དང་། ཟ་ཁང་དང་ཚོང་ཁང་སོགས་ནང་དོལ་རྒྱལ་རྗེས་འབྲང་པ་མ་ཕེབས་རོགས། ཞེས་སྦྱར་ཡིག་སྦྱར་བ་དེ་དག་དབྱིན་ཇིའི་ཚིག་ (Social discrimination) ཞེས་པ་འདི་བེད་སྤྱོད་བཏང་ནས་སྤྱི་ཚོགས་ཀྱི་དབྱེ་འབྱེད་ཆགས་རྒྱུ་མ་རེད་དམ་ཞེས་དང་། སྤྱིར་བཏང་ནས་མི་ཚང་མར་ཆོས་དད་རང་དབང་གི་ཐོབ་ཐང་སྤྲོད་དགོས་ཀྱི་མ་རེད་དམ། ཡང་དབྱིན་ཇིའི་ཚིགས་གཞན་ཞིག་བེད་སྤྱོད་བཏང་ནས་རྒྱ་གར་ནང་བཞིན་ (Secularism) ཆོས་ལུགས་གང་འདྲ་ཞིག་བྱས་པའམ་སྤེལ་བ་ཡིན་ནའང་རང་དབང་སྤྲོད་དགོས་པ་མ་རེད་དམ་ཅེས་པའི་དྲི་བ་ཁག་དྲུག་ཙམ་བྱུང་འདུག སྐབས་དེར་གསུང་བཤད་རྒྱུན་རིང་གནང་ནས་མཐའ་བསྡོམས་རྒྱག་རྒྱུའི་དུས་ཚོད་ལ་བསླེབས་པར་བརྟེན། ལན་འདེབས་འགྲེལ་བཤད་གསལ་པོ་གནང་རྒྱུའི་དུས་ཚོད་མ་བྱུང་བ་དང་།
དེ་རྗེས་གསལ་བཤད་གནང་རྒྱུའི་གོ་སྒྲིག་གནང་སྐབས་ཚོགས་འདུ་གྲོལ་ཟིན་པར་བརྟེན། དེ་ཚོའི་ཐོག་གསལ་བཤད་ངེས་པར་དུ་དགོས་པ་གཟིགས་ནས་དེའི་སྐོར་གསལ་བཤད་བྱས་ན་ཞེས་དེ་རིང་འདིར་ལྷན་འཛོམས་བྱུང་ཡོད། དེར་བརྟེན་དེ་རིང་ངས་ཁྱེད་ཚོར་འདིར་སྙན་གསེང་ཞུ་རྒྱུ་ནི་དྲི་བ་དེ་ཚོའི་ནང་དོན་དང་འབྲེལ་བའི་སྐོར་ཤ་སྟག་མ་གཏོགས་སྤྱིར་དོལ་རྒྱལ་གྱི་བྱུང་རིམ་དང་དེའི་གནས་ཚུལ་ངོ་སྤྲོད་ཞུ་རྒྱུའི་གོ་སྐབས་ཀྱང་མེད་ལ་དུས་ཚོད་ཀྱང་འདང་ངེས་མེད། དེ་ཚོའི་སྐོར་ལ་ཁྱེད་ཚོས་མཁྱེན་གྱི་ཡོད་ཤག་བྱས། གལ་ཏེ་གསལ་པོ་མཁྱེན་གྱི་མེད་པ་ཡིན་ན་སྔ་ཕྱི་བར་གསུམ་དུ་དོལ་རྒྱལ་སྐོར་ཉམས་ཞིབ་བྱས་ནས་གཟིགས་བདེ་པོའི་ཕྱག་དེབ་མང་པོ་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གསལ་བསྒྲགས་དང་གནས་ཚུལ་ངོ་སྤྲོད་ཀྱི་དེབ་སྔ་ཕྱི་རིམ་པས་པར་སྐྲུན་གནང་ཡོད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངོས་ནས་ཆེད་མངགས་རྩོམ་སྒྲིག་ཚོགས་ཆུང་བཙུགས་ནས་ངོ་སྤྲོད་ཀྱི་དེབ་བྲིས་པ་དང་གང་ཟག་སྒེར་ངོས་ནས་བྲིས་པ་དེ་འདྲའང་ཡོད། ཉེ་ཆར་ལྷོ་ཕྱོགས་སུ་རི་བོ་དགེ་ལྡན་པའི་གདན་ས་ཁག་གི་རྩོམ་སྒྲིག་ཚོགས་ཆུང་གིས་བྲིས་པའི་དེབ་དེ་འདྲ་ཡོད། དེ་དག་གཟིགས་ན་གསལ་པོ་མཁྱེན་རྒྱུ་རེད། ང་དེ་རིང་མི་སྒེར་གཅིག་གི་ངོ་བོའི་ཐོག་ནས་བཅར་བ་ཡིན་མ་གཏོགས་སྒྲིག་འཛུགས་དང་སྡེ་ཚན་གང་གིའང་སྐུ་ཚབ་མཚོན་གྱི་མེད། དེར་བརྟེན་ངས་མཐོང་ཚུལ་དང་སྤྱིར་སྟངས་དངོས་ཡོད་གནས་ཚུལ་གང་ཡིན་པ་རྣམས་ངོ་སྤྲོད་ཞུ་རྒྱུ་ཡིན། ཁ་སེང་སློབ་ཕྲུག་ཁག་གི་དྲི་བ་དེ་དག་འཁོར་ཐག་ནས་ངས་ཆ་ཚང་ཡག་པོ་བྱས་ནས་ཉན་སྐབས་ངའི་བསམ་བློའི་ནང་དགའ་སྐྱོ་འདྲེས་མའི་ཚོར་བ་ལྟ་བུ་བྱུང་། དགའ་སྐྱོ་འདྲེས་མའི་ཚོར་བ་བྱུང་དགོས་པའི་རྒྱུ་མཚན་གང་ཡིན་བརྗོད་ན། དོལ་རྒྱལ་གྱི་གནས་ཚུལ་༸གོང་ས་མཆོག་གིས་བླང་དོར་ལམ་སྟོན་མཛད་ནས་ལོ་ཧ་ཅང་མང་པོ་འགྲོ་བཞིན་ཡོད།
ཕྱི་ལོ་ ༡༩༧༥། ༡༩༧༦ ནས་༸སྐྱབས་མགོན་རིན་པོ་ཆེས་བླང་དོར་བཀའ་སློབ་སྩལ་འགོ་བཙུགས་ཡོད། དེ་ནས་རིམ་བཞིན་སྔ་ཕྱིར་ལམ་སྟོན་བཀའ་སློབ་ཧ་ཅང་གསལ་པོ་མང་པོ་སྩལ་ཡོད། དེ་ཙམ་དུ་མ་ཟད། བཙན་བྱོལ་སྒྲིག་འཛུགས་དང་གདན་ས་ཁག བླ་ཆེན་ཁག་སོགས་སྤྱི་སྒེར་མང་པོ་གཅིག་གིས་དེའི་སྐོར་གསལ་བཤད་ཧ་ཅང་མང་པོ་གནང་ཡོད་ཀྱང་ད་དུང་ན་གཞོན་གྱི་སྡེ་ཚན་ནང་དང་། ན་གཞོན་སྡེ་ཚན་དེ་ཡང་ཤེས་ཡོན་མེད་མཁན་གི་ན་གཞོན་སྡེ་ཚན་མིན་པར་སློབ་གྲྭ་འགྲིམ་བཞིན་པའི་སློབ་ཕྲུག་ནང་དང་། དེ་ཡང་རྡ་ས་དང་རྡ་སའི་ཉེ་འཁོར་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་བོད་ཕྲུག་ཁྱིམ་སྡེ་ལ་སོགས་པའི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་གི་ནང་དུ་ཡོད་པའི་སློབ་ཕྲུག་ཚོའི་བསམ་བློའི་ནང་ད་དུང་དོགས་པ་རྣམ་རྟོག་མ་ཆོད་པར་ཐེ་ཚོམ་གྱི་ས་བོན་ལྷག་ཡོད་པ་འདིས་བསམ་བློའི་ནང་ཏོག་ཙམ་མ་བདེ་བ་དང་ཡ་མཚན་པོ་ཞིག་རེད། འདི་སློབ་ཕྲུག་གི་ཞན་ཆ་ཞིག་ལ་བརྩི་མི་རུང་། འདི་ང་ཚོ་ལས་ཀྱི་སྣེ་མོ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་ཁག་གི་དགེ་ལས་ཚོས་གསལ་བཤད་གོ་བསྐོན་ཡང་དག་པ་ཞིག་མ་བྱུང་བའི་དབང་གིས་སློབ་ཕྲུག་ཚོས་དོགས་པ་རྣམ་རྟོག་མ་ཆོད་པ་དང་། དེ་ཙམ་དུ་མ་ཟད། དོལ་རྒྱལ་རྗེས་འབྲང་པ་དེ་ཚོས་ཐབས་ལམ་སྣ་ཚོགས་ཐོག་ནས་ལོག་པའི་དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་དེས་ཤེན་ཤུགས་ལྟ་བུ་ང་ཚོའི་གཞོན་སྐྱེས་ཚོའི་ནང་བསླེབས་པའི་ཚོར་བ་ཞིག་ཡོང་སྐབས། ཞེད་སྣང་དང་བསམ་བློའི་ནང་མ་བདེ་བ་ཆེན་པོ་ཞིག་བྱུང་བ་འདི་ནི་རང་བཞིན་གི་གནས་སྟངས་ཤིག་རེད།
དེའི་གོང་དུའང་ཨ་རི་ནས་ཕེབས་པའི་བོད་མི་བསམ་ཡོད་གཅིག་གིས་ངར་གནས་ཚུལ་གསུངས་བྱུང་། ཨ་རིའི་ནང་དུ་བོད་མི་གཞོན་སྐྱེས་མང་པོ་ཞིག་གི་བསམ་བློའི་ནང་དོལ་རྒྱལ་ཚོགས་པའི་དྲིལ་བསྒྲགས་ལོག་པ་སྤེལ་བའི་ནུས་པ་བསླེབས་ཡོད་པ་དང་། ཁོང་ཚོའི་བསམ་བློའི་ནང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ངོས་ནས་གནང་ཕྱོགས་ཏོག་ཙམ་མི་འགྲིག་པའི་བསམ་ཚུལ་ཡོད་མཁན་མང་པོ་འདུག ཁོང་ཚོར་གསལ་བཤད་བྱས་ནའང་ལས་སླ་པོར་གསལ་བཤད་འགྲོ་ས་མེད་མཁན་དེ་འདྲའང་འདུག ཅེས་གསུངས་བྱུང་། དེ་དུས་ངས་བསམ་པར་ཨ་རིར་ཡོད་མཁན་ཚོར་ཕྲན་བུ་ཁག་མི་འདུག་བསམ་པ་བྱུང་། གང་ཡིན་བརྗོད་ན་ཁོང་ཚོས་གནས་ཚུལ་མཁོ་སྒྲུབ་བྱེད་ས་དྲ་རྒྱ་མ་གཏོགས་ཧ་ལམ་མེད་པ་ལྟ་བུ་རེད། མི་དང་མི་ཐུག་ནས་སྐད་ཆ་བཤད་ནས་དོགས་གཅོད་བྱེད་ས་མེད་པ་ལྟ་བུ་རེད། དྲ་རྒྱ་རང་ལ་བལྟས་ནས་བསྡད་ན་དོལ་རྒྱལ་རྗེས་འབྲང་པའི་དྲ་རྒྱ་འདི་འབེལ་པོ་དང་ཤུགས་ཆེ་བ་དང་ཁྱབ་ཆེ་བ་ཡོད། དེའི་ཁ་གཏད་ལ་ང་ཚོའི་ངོས་ནས་དྲ་རྒྱའི་བརྒྱུད་ལམ་ཐོག་ལ་དེ་ཙམ་གསལ་བཤད་མང་པོ་མེད་པ་གསལ་པོ་རེད། གནས་ཚུལ་འདི་རྒྱ་གར་ནང་བྱུང་སྐབས་རྒྱ་གར་ནང་ཨ་རི་དང་མི་འདྲ་བར་གནས་ཚུལ་གང་ཡིན་ནའང་ཁར་ཐུག་དོགས་གཅོད་དང་བཀའ་འདྲི་ཞུ་ས་ཡོད་པ་ཞིག་རེད། སྒྲིག་འཛུགས་དང་ལས་ཀྱི་སྣེ་མོ་བའི་ངོས་ནས་དུས་ནས་དུས་སུ་གསལ་བཤད་གནང་འོས་པ་ཞིག་དང་དགོས་པ་ཞིག་ཡིན་དུས་དོགས་པ་རྣམ་རྟོག་ལུས་པ་འདི་ཞན་ཆ་ཞིག་རེད། བསམ་བློའི་ནང་སྐྱོ་སྣང་ཞིག་བྱུང་། ངས་དགའ་སྐྱོ་འདྲེས་མའི་ཚོར་སྣང་བྱུང་། ཞེས་བརྗོད་པ་ཡིན། དགའ་དགོས་པའི་རྒྱུ་མཚན་གང་ཡིན་བརྗོད་ན། སློབ་ཕྲུག་དེ་ཚོའི་རང་གི་བསམ་བློའི་ནང་ཡོད་པའི་དོགས་པ་རྣམ་རྟོག་དེ་དག་སྦས་ནས་མ་བཞག་པར་གོ་སྐབས་བྱུང་སྐབས་གསལ་སྟོན་བྱས་ཏེ་བཀའ་དྲི་ཞུས་པ་འདི་ཧ་ཅང་ཡག་པོ་རེད་བསམས་བྱུང་།
གནས་ཚུལ་གང་ཡིན་རུང་སངས་པོ་བྱས་ནས་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་བྱེད་མ་ཐུབ་ཚེ་ལས་ཀྱི་སྣེ་མོ་ཚོས་ཁྱེད་ཚོའི་བསམ་བློའི་ནང་གང་ཡོད་པ་མཁྱེན་གྱི་མ་རེད། མ་མཁྱེན་ན་གསལ་བཤད་གནང་རྒྱུའི་གོ་སྐབས་དེ་ཡང་བརླག་འགྲོ་རྒྱུ་རེད། དེར་བརྟེན་སློབ་ཕྲུག་ཚོས་དྲི་བ་ཞུས་པ་འདི་ཡང་དག་པའི་གནང་ཕྱོགས་ཤིག་རེད་བསམ་པ་དྲན་གྱི་འདུག དེ་ལ་བརྟེན་ནས་ང་ཚོའི་བསམ་བློའི་ནང་ད་དུང་ཡང་དོགས་པ་རྣམ་རྟོག་མ་ཆོད་པ་དེ་འདྲ་ཡོད་རེད་བསམས་ནས་ངོ་འཕྲོད་ཀྱི་ཡོད། དེར་བརྟེན་ངས་དྲི་བ་ཞུ་མཁན་ཚོར་དགའ་བསུ་ཞུ་རྒྱུ་དང་། མ་འོངས་པར་ཡང་ཁྱེད་རང་ཚོར་དེ་འདྲའི་དོགས་པ་རྣམ་རྟོག་བྱུང་སྐབས་སོ་སོའི་བསམ་བློའི་ནང་ཉར་ནས་མ་བསྡད་པར་བཀའ་འདྲི་བཀའ་སློབ་ཞུ་ས་སུ་ཡོད་ཀྱང་དེར་བཀའ་འདྲི་བཀའ་སློབ་ཞུ་དགོས། དེ་འདྲ་མ་རག་ཚེ་དེང་སྐབས་དེབ་དང་དྲྭ་རྒྱ། དེ་བཞིན་གནས་ཚུལ་བརྒྱུད་ལམ་ཁག་མང་པོ་ཞིག་ཡོད་པ་དེ་དག་གི་ནང་གཟིགས་ཏེ་ཐད་ཀར་དོགས་ཆོད་གནང་ཐུབ་ན་ཡག་པོ་ཡོད་རེད་བསམས་ཀྱི་འདུག དེ་རྒྱབ་ལྗོངས་ཀྱི་གནས་ཚུལ་ངོ་སྤྲོད་ལྟ་བུ་རེད།
ད་ལྟ་ངས་གོང་དུ་ཞུས་པའི་དྲི་བ་ལྔ་དྲུག་ཅིག་གི་ནང་གནས་ཚུལ་བྱུང་བ་དེ་དག་གི་ཐོག་ང་ཚོའི་མཐོང་ཚུལ་ག་རེ་ཡོད་རེད་ཅེ་ན། བཀའ་འདྲི་ཞུ་མཁན་སློབ་ཕྲུག་ཉུང་ཤས་ཤིག་རེད། ད་ལྟ་དངོས་བྱུང་གི་གནས་སྟངས་ལ་མཚོན་ན་ངས་ཞུས་པ་བཞིན་རེད། སློབ་ཕྲུག་དྲུག་གི་དྲི་བའི་ནང་གནས་ཚུལ་དེ་དག་ཐོན་གྱི་ཡོད། འོན་ཀྱང་དེས་གང་མཚོན་གྱི་ཡོད་ཅེ་ན། སློབ་ཕྲུག་དྲུག་གི་བསམ་བློའི་ནང་དོགས་པ་རྣམ་རྟོག་དེ་འདྲ་ཞིག་ཡོད་པ་དེ་ཁོང་ཚོ་གཅིག་པུ་མ་གཏོགས་སློབ་ཕྲུག་གཞན་གྱི་བསམ་བློའི་ནང་མེད་པ་ཞིག་ཐག་གཅོད་ཐུབ་རྒྱུ་མེད་པ་ཞིག་རེད། ཚོགས་འདུ་ཆེན་པོའི་ནང་ཡར་ལངས་ནས་དྲི་བ་ཞུ་མཁན་དེ་ཕྲན་བུ་སྤོབས་པ་དང་སྦྱང་ཆ་ཡོད་མཁན་ཞིག་མ་གཏོགས་ཚང་མས་ཞུ་ནུས་ཀྱི་མ་རེད། དེར་བརྟེན་མི་དྲུག་གི་དྲི་བས་སློབ་ཕྲུག་གི་སྤྱི་ཚོགས་ནང་དོགས་པ་རྣམ་རྟོག་ཡོད་སྲིད་པ་དང་ཡོད་པ་མཚོན་གྱི་རེད་བསམས་ཀྱི་འདུག དེ་ལྟ་བུའི་བསམ་ཚུལ་དང་དོགས་པ་རྣམ་རྟོག་ཡོད་མཁན་གཞན་མང་པོ་ཡོད་སྲིད་པ་རེད། སློབ་ཕྲུག་ནང་ཕན་ཚུན་ལ་དེ་ལྟ་བུའི་བཀའ་མོལ་ཡོང་སྲིད་པ་ཞིག་རེད། དེར་བརྟེན་དེ་ཚོར་ངེས་པར་དུ་དོགས་པ་རྣམ་རྟོག་བཅད་དགོས་རྒྱུ་དང་གསལ་བཤད་བྱེད་རྒྱུ་གལ་ཆེན་པོ་རེད་མ་གཏོགས། དེ་བཞག་ན་རང་བཞིན་གྱི་གནས་ཚུལ་གསལ་པོ་ཆགས་རྒྱུའི་ཚབ་ལ་དོགས་པ་རྣམ་རྟོག་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད།
དེར་བརྟེན་བོད་ཕྲུག་ཁྱིམ་སྡེའི་སྒྲིག་འཛུགས་དང་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེའི་ཐོག་གསལ་བཤད་དགོས་ཀྱི་འདུག་ཅེས་བཀའ་གནང་བ་དེ་ངེས་པར་དུ་དགོས་མཁོ་ཡོད་པའི་གནས་སྟངས་ལ་ངས་མཐོང་ཐུབ་ཀྱི་འདུག རྒྱབ་ལྗོངས་དེའི་ཐོག་ནས་ད་ལྟ་འདིར་བཀའ་མོལ་ཞུ་རྒྱུའི་དོན་ཚན་བསྡོམས་བརྒྱབ་ནས་ཞུས་ན། སློབ་ཕྲུག་དྲུག་གི་དྲི་བ་དེ་དག་ཚིག་བརྗོད་བཟོ་སྟངས་དང་། སྟབས་འགྲིག་དང་མ་འགྲིག གསལ་པོ་ཡོད་མེད་སྣ་ཚོགས་ཤིག་ཡོང་སྲིད་པ་རེད། དེའི་ནང་དོན་ཞིབ་ཚགས་བལྟས་ན་བསམ་བློའི་རྒྱབ་ལྗོངས་ནང་གང་ཡོད་པ་ཞིག་མཚོན་ཐུབ་ཀྱི་རེད་ཅེས་གསུངས་ན། དྲི་བ་དེ་ཚོའི་ནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོར་སྔ་ཕྱི་བར་གསུམ་ལ་བླང་དོར་གྱི་ལམ་སྟོན་ཟབ་ནན་ཡང་ཡང་བསྐྱངས་པ་དང་། དེ་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས། གདན་ས་ཁག དགོན་སྡེ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག གང་ཟག་སྒེར་ཁག་མང་པོ་ཞིག་གིས་༸སྐྱབས་མགོན་རིན་པོ་ཆེའི་བླང་དོར་གྱི་ལམ་སྟོན་དེ་དག་ལག་བསྟར་ཆེད་ལས་རིམ་དང་འབད་རྩོལ་མང་པོ་ཞིག་གནང་ཡོད། དེ་ཚོའི་ནང་ཕྲན་བུ་མ་འོས་པ་དང་མ་འཚམ་པ། མ་འདང་པ་དེ་འདྲ་ཡོད་པའི་ཚོར་སྣང་ཡོད་པ་དྲི་བ་དེ་ཚོའི་གསལ་པོ་བཟོ་གི་ཡོད་རེད་བསམས་ཀྱི་འདུག དེའི་དོན་བདག་བསྡོམས་བརྒྱབ་ནས་ཞུས་ན། དོལ་རྒྱལ་རྗེས་འབྲང་པ་དེ་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཁོ་པ་ཚོའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་དོ་ཕོག་བཏང་ཡོད་རེད་བསམ་པའི་དོགས་པ་སྐྱེས་ཀྱི་ཡོད་པ་གསལ་པོ་མཚོན་ཐུབ། དོན་ཚན་གཉིས་པ་སྒྲིག་འཛུགས་ཁག་དང་བོད་མིའི་སྤྱི་ཚོགས་ཀྱིས་དོལ་རྒྱལ་རྗེས་འབྲང་པར་འབྲེལ་བ་བྱེད་ཕྱོགས་དེ་ནོར་འཁྲུལ་ཡོད་པ་གཅིག་དང་། སྤྱི་ཚོགས་ནང་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡོད་པའི་བཟོ་འདྲ་མཐོང་གི་འདུག
དོན་ཚན་གསུམ་པ་༸གོང་ས་མཆོག་དང་སྒྲིག་འཛུགས་ཀྱི་ངོས་ནས་དོལ་རྒྱལ་རྗེས་འབྲང་པ་དེ་ཚོར་བོད་མི་སྤྱི་བྱིངས་དང་ཆིག་སྒྲིལ་ཡོང་རྒྱུར་ཐབས་ཤེས་དེ་ཙམ་མ་གནང་བའམ། ཐབས་ཤེས་གནང་བ་དེ་མ་འདང་བའི་གཟིགས་ཚུལ་ཡོད་པ་ཞིག་མཐོང་གི་འདུག མཐའ་མ་དེར་ཆིག་སྒྲིལ་དེ་གལ་ཆེན་པོ་ཡིན་པ་དང་། ཆིག་སྒྲིལ་ཡོང་ཆེད་དོལ་རྒྱལ་བསྟེན་གསོལ་བཀག་འགོག་གནང་རྒྱུ་དེ་ཕྲན་བུ་ལྷོད་དུ་གཏོང་དགོས་པ། དོལ་རྒྱལ་བསྟེན་གསོལ་བཀག་འགོག་གནང་རྒྱུ་དང་བོད་མི་ནང་ལ་ཆིག་སྒྲིལ་ཡོང་རྒྱུའི་ཁེ་ཕན་གཉིས་བསྡུར་ན་ཆིག་སྒྲིལ་ཡོང་རྒྱུ་གལ་ཆེ་བ་དང་། དོལ་རྒྱལ་བསྟེན་གསོལ་བཀག་འགོག་གནང་རྒྱུ་དེ་ཙམ་གལ་ཆེན་པོ་མིན་པ་ལྟ་བུའི་གཟིགས་ཚུལ་ཡོད་འདུག ངས་གོ་སྟངས་ཤིག་ལ་དོན་ཚན་བཞིའི་ནང་དྲི་བ་དྲུག་པོ་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་བསྡུས་ནས་བརྗོད་ན། དོན་ཚན་བཞི་པོ་འདིའི་ནང་འདུས་པ་ལྟ་བུ་ཆགས་ཀྱི་ཡོད། དོན་ཚན་བཞི་པོ་འདི་ད་ལྟ་ན་གཞོན་ཚོའི་དགོངས་པའི་ནང་དོགས་པ་རྣམ་རྟོག་གསར་པ་ཡོང་བ་ཞིག་མ་རེད། སྔོན་མ་ནས་དོལ་རྒྱལ་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་ཡང་ཡང་ཕེབས་པ་དང་། དེར་སྒྲིག་འཛུགས་ཀྱིས་མཇུག་འཁྱོངས་ཞུས་པའི་སྐབས། དོལ་རྒྱལ་ཚོགས་པས་དོན་ཚན་འདི་དག་གི་ཐོག་ལོག་པའི་དྲིལ་བསྒྲགས་མང་པོ་བྱས་ཡོད། སྤྱི་ཚོགས་ནང་གླེང་གཞི་མང་པོ་ལྷག་ཡོད། དེར་བརྟེན་དེ་ཚོ་ཚང་མ་ཕྱོགས་བསྡོམས་བརྒྱབ་ནས་ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་རྗེས་འབྲང་པ་ཚོ་དང་མཉམ་བཙན་བྱོལ་སྒྲིག་འཛུགས་དང་གདན་ས་ཁག སྤྱི་སྒེར་ཚང་མར་འབྲེལ་བ་གནང་ཕྱོགས་སྐོར་དོན་ཚན་བརྒྱད་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་ཡོད། ལོ་བཅུ་དགུ་ཉི་ཤུ་སྔོན་གྱི་སྐད་ཆ་རེད། ད་དུང་དེ་རྗེས་རྙོག་འཛིང་མུ་མཐུད་ནས་བསྡད་པར་བརྟེན།
ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༧ ཉིན་དོན་ཚན་བཅུ་གཅིག་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་ཡོད། སྤྱི་མོས་དོན་ཚན་གཉིས་པོ་དེའི་དོན་ཚན་ཁག་དང་དེའི་ངོ་སྤྲོད་སྔོན་འགྲོའི་བརྗོད་ཚིག་དེ་དག་ཡག་པོ་བྱས་ཏེ་ཀློག་ན། ད་ལྟ་ངའི་གོང་དུ་ཞུས་པའི་དོགས་པ་རྣམ་རྟོག་བཞི་པོར་གསལ་བཤད་ལན་ཐེབས་ངེས་ཤིག་གྲོས་ཆོད་དེ་དག་གི་ནང་འཁོད་ཡོད། དེར་བརྟེན་དེ་ལྟ་བུའི་དོགས་པ་རྣམ་རྟོག་ཡོད་མཁན་ཡིན་ན་སྤྱི་འཐུས་ལྷན་ཁང་གིས་སྤྱི་མོས་ཀྱི་བཞག་པའི་གྲོས་ཆོད་དོན་ཚན་བརྒྱད་པ་དང་དོན་ཚན་བཅུ་གཅིག་གཉིས་པོར་བསྐྱར་དུ་ཞིབ་འཇུག་གནང་ན་དེའི་ཐོག་ནས་གསལ་པོ་ཆགས་པའི་རེ་བ་བྱེད་ཀྱི་ཡོད། གྲོས་ཆོད་དེ་དག་མང་ཚོགས་ཀྱི་བསམ་བློ་འཁྱེར་སྟངས་དང་ལས་དོན་བྱེད་ཕྱོགས་ལ་འབྲེལ་བ་ཡོད་པའི་གལ་གནད་ཆེ་བའི་གྲོས་ཆོད་ཤ་སྟག་རེད། དུས་ཚོད་ཡུན་རིང་ཕྱིན་སྟབས་གཅིག་བྱས་ན་མང་ཚོགས་ཀྱི་དྲན་ཡུལ་ནས་ཡལ་འགྲོ་རྒྱུ་ལྟ་བུ་ཡོང་སྲིད་པ་རེད། དེར་བརྟེན་དེ་ཚོ་ཡང་ནས་ཡང་ལྗགས་ཀློག་གནང་བ་དང་། སློབ་ཕྲུག་ཚོར་ཡང་ཀློག་བཅུག་ནས་གསལ་བཤད་གནང་ན་ཡག་པོ་ཡོད་རེད་བསམ་གྱི་འདུག གྲོས་ཚོགས་ཀྱི་ནང་རྒྱ་ཆེ་གཏིང་ཟབ་ཀྱི་བགྲོ་གླེང་ཞིབ་ནན་གནང་རྗེས་གཏན་ལ་ཕབ་པའི་གྲོས་ཆོད་ཡིན་པར་བརྟེན། དེ་ཚོའི་ཚིག་བརྗོད་རེ་རེའི་ནང་དོན་དག་གལ་ཆེན་མང་པོ་ཚུད་ཡོད། གྲོས་ཚོགས་ཀྱི་ཡིག་ཆ་ཁག་གི་ནང་ནས་རག་གི་རེད། དོལ་རྒྱལ་སྐོར་བྲིས་པའི་དེབ་དེ་ཚོའི་ནང་འབྲེལ་བ་ཡོད། དེ་དག་སློབ་ཕྲུག་ཚོས་ལྗགས་ཀློག་གནང་ན་གསལ་པོ་ཆགས་ཀྱི་རེད། ངས་ཡིག་ཆ་འདི་ལུང་འདྲེན་བྱེད་དགོས་དོན་གང་ཡིན་ཞེ་ན། ཡིག་ཐོག་ཏུ་འཁོད་ཡོད་པར་བརྟེན་ཡང་ནས་ཡང་ལྗགས་ཀློག་གནང་རྒྱུ་ཡོང་གི་རེད། དེའི་ནང་ཚིག་ཉུང་ཉུང་དང་དོན་དག་བསྡུས་པོ་ཡོད་སྟབས། དོགས་པ་རྣམ་རྟོག་མང་པོ་ཞིག་གི་ལན་དེ་ནས་རག་གི་རེད། ད་ལྟ་ང་ཚོས་ངག་ཐོག་ནས་ཞུས་པ་དེ་དག་ཚང་མས་བློར་ངེས་ཀྱི་ཡོད་མེད་དང་ཚོགས་འདུ་གྲོལ་རྗེས་ཕྱེད་ཀ་བརྗེད་ཚར་བ་ཡོང་སྲིད་པ་རེད། དེར་བརྟེན་ངས་ཡིག་ཆ་རིང་པོ་དེ་ཚོར་ཁ་འཕང་མ་བྱས་པར་གྲོས་ཆོད་རྡོག་རྡོག་གཉིས་ལ་ཁ་འཕང་བྱས་པ་དེས་ཁྱེད་རང་ཚོར་ལྗགས་ཀློག་གནང་བདེ་བ་དང་དོན་ལ་ཕན་པ་ཡོད་རེད་བསམ་གྱི་འདུག
དེ་རིང་ངས་དོན་ཚན་བཞི་ཞུས་པའི་ནང་ནས་དང་པོ། ༸གོང་ས་མཆོག་དང་སྒྲིག་འཛུགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག ཆོས་སྡེ་ཁག་གིས་དོལ་རྒྱལ་རྗེས་འབྲང་པ་དང་འབྲེལ་བ་བྱེད་ཕྱོགས་ལ་བརྟེན་ནས་དོལ་རྒྱལ་རྗེས་འབྲང་པ་ཚོའི་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཐོབ་ཐང་ལ་དོ་ཕོག་ཕྱིན་ཡོད་ཅེས་ཁོང་ཚོས་བཤད་པ་དེ་བདེན་པ་མ་རེད་ཅེས་ཞུ་གི་ཡོད། ང་ཚོས་གང་གནང་བ་དེ་ཁོང་ཚོར་དངོས་ཤུགས་བརྒྱུད་ནས་སྔ་ཕྱི་བར་གསུམ་དུ་དོ་ཕོག་ཕྱིན་པ་ཞིག་ཆགས་ཀྱི་མེད་པ་འདི་ཐག་བཅད་ནས་བརྗོད་ཐུབ་པ་ཞིག་རེད། དོ་ཕོག་ཕྱིན་ཡོད་ཀྱི་མ་རེད་ཅེས་ཚོད་དཔག་བྱས་པའི་གནས་སྟངས་ཤིག་མིན། དོ་ཕོག་ཕྱིན་དང་མ་ཕྱིན་ཟེར་རྒྱུ་དེ་ཁྲིམས་མཐུན་གྱི་དྲི་བ་གཅིག་ཡིན་པ་མ་ཟད། ཆབ་སྲིད་དང་སྤྱི་ཚོགས་ཀྱི་དྲི་བ་ཡང་རེད། དེ་དག་ཞིབ་ཚགས་པོ་བྱས་ནས་གཟིགས་དགོས་རྒྱུ་ཞིག་རེད། ཁོ་རང་ཚོས་དབྱིན་ཇིའི་ཐོག་ནས་ཚིག་གཅིག་བེད་སྤྱོད་གཏོང་གི་ཡོད། བོད་ཡིག་ཐོག་བྲིས་པ་ངས་མཐོང་མ་བྱུང་། ཁོང་ཚོའི་དྲིལ་བསྒྲགས་མང་ཆེ་བ་དབྱིན་ཇི་དང་ནུབ་ཕྱོགས་ཀྱི་སྐད་ཡིག་གཞན་གྱི་ཐོག་བྱེད་ཀྱི་ཡོད། དེ་དག་ནང་ཁོ་པ་ཚོས་གང་བྲིས་ཡོད་དམ་ཅེ་ན། ༸སྐྱབས་མགོན་རིན་པོ་ཆེའི་དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུར་ (ban) གནང་བ་རེད་ཅེས་དབྱིན་ཇིའི་ཚིག་འདི་བེད་སྤྱོད་བཏང་ཡོད། དབྱིན་ཇིའི་ཚིག་འདི་ང་ཚོའི་བོད་སྐད་ཐོག་ལ་མི་ཆོག་པ་བཟོས་པ་ལྟ་བུ་ཞིག་རེད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགག་བྱ་དང་བཀག་འགོག་གནང་བ་ཞིག་རེད་མ་གཏོགས། དོལ་རྒྱལ་བསྟེན་གསོལ་མི་ཆོག་པའི་བཙན་བཀའ་བཏང་མེད།
དེར་བརྟེན་མི་ཆོག་པ་བཟོས་མེད། ཅེས་ང་ཚོས་གསལ་པོ་ཤེས་དགོས། མི་ཆོག་པ་བཟོས་ཡོད་ན། ད་ལྟ་བསྟེན་གསོལ་བྱེད་མཁན་ཚོ་གང་འདྲ་བྱས་ནས་བསྟེན་གསོལ་བྱེད་ཀྱི་་ཡོད་དམ། ད་ལྟ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཚོས་རང་དབང་གི་ཐོག་བསྟེན་གསོལ་བྱེད་བཞིན་ཡོད་པ་མ་ཟད། ༸གོང་ས་མཆོག་ལ་མཚན་སྨད་དང་༸རྒྱལ་བ་རིན་པོ་ཆེ་མཆོག་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་ཀྱང་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུ། ༸སྐྱབས་མགོན་རིན་པོ་ཆེའི་སྐུའི་ཉེ་ཁྲིས་ལ་བཅར་ནས་ངོ་རྒོལ་ཞུ་རྒྱུའི་གོ་སྐབས་རག་ཡོད། དེ་དག་གིས་དོལ་རྒྱལ་བསྟེན་གསོལ་མི་ཆོག་པ་བཟོས་གནང་མེད་པ་དང་། དོལ་རྒྱལ་བསྟེན་གསོལ་མི་ཆོག་པའི་བཀའ་ཁྱབ་སྩལ་མེད་པའི་གནས་ཚུལ་མཚོན་གྱི་ཡོད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་སྔ་རྗེས་བར་གསུམ་གང་དུ་གཟིགས་ཀྱང་། མ་བསྟེན་ན་ཡག་པོ་ཡོད་པ་དང་ཁྱེད་རང་ཚོས་བསྟེན་ལུགས་བསྟེན་སྟངས་དེ་སྐྱབས་འགྲོའི་བསླབ་བྱ་དང་འགལ་ནས་བསྟེན་གྱི་འདུག དེ་ནང་པའི་ཆོས་ཀྱི་གནས་སྟངས་ཞན་དུ་གཏོང་རྒྱུའི་གནས་ཚུལ་ཞིག་རེད། དེར་བརྟེན་བོད་པའི་ཆོས་བརྒྱུད་ནང་ཕན་ཚུན་ལ་འཆམ་མཐུན་མི་ཡོང་རྒྱུར་ཆིག་སྒྲིལ་དང་བོད་མིའི་རྩ་དོན་ལ་གནོད་པའི་བྱ་བ་ཞིག་ཡིན་སྟབས། དོལ་རྒྱལ་བསྟེན་གསོལ་མ་བྱེད་ན་ཡག་གི་རེད་ཅེས་བཀའ་སློབ་སྩལ་ཡོད་པ་རེད་མ་གཏོགས། དེ་རིང་ནས་བཟུང་ཚང་མས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་དགོས་ཡོད་ཅེས་ནམ་ཡང་བཀའ་སྩལ་མེད། ༸གོང་ས་མཆོག་གི་བཀའ་སློབ་དང་པོ་ནས་ཉན་ན་བསླབ་བྱ་རྒྱག་རྒྱུ་དེ་ངོས་ཀྱིས་ལས་འགན་རེད། ཉན་དང་མ་ཉན་ཁྱེད་རང་ཚོར་རག་ལུས་ཡོད་ཅེས་ཡང་ཡང་བཀའ་སྩལ་ཡོད། སྐབས་འགའ་ཤས་ལ་ཁ་ཆེ་ཕ་ལུའི་ལུང་དྲངས་ནས་ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། ཉན་དང་མ་ཉན་སོ་སོར་རག་ལུས་ཡོད།
ཅེས་ལུང་འདྲེན་མཛད་པ་དེ་ཁྱེད་རང་ཚོས་ཕལ་ཆེར་གཟིགས་ཡོད་ངེས་རེད། འདི་དག་ཡིག་ཆའི་ནང་འཁོད་ཡོད་པ་ཞིག་རེད་མ་གཏོགས་ངས་གསར་བཟོས་བྱས་པ་ཞིག་མིན། ཉེ་བའི་ཆར་གྱི་གནས་ཚུལ་ཞིག་ཞུས་ན། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་ལ་དྭགས་ལ་དུས་འཁོར་དབང་ཆེན་བཀའ་དྲིན་བསྐྱངས་སྐབས་ཀྱི་སྔོན་འགྲོའི་བཀའ་སློབ་ནང་། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡོད་ན་དབང་ཆེན་ནང་མ་ཡོང་རོགས། ངོས་ཀྱིས་རྟག་ཏུ་བསྟེན་གསོལ་མ་བྱེད་ཅེས་བརྗོད་ཀྱི་ཡོད། བསྟེན་གསོལ་བྱེད་དང་མ་བྱེད་སོ་སོའི་ལག་པ་རེད། ང་ཚོས་བཙན་དབང་བྱེད་རྒྱུ་གང་ཡང་མེད། དེ་སོ་སོའི་འདོད་པ་རེད། བསྟེན་གསོལ་བྱེད་མཁན་ཡིན་ན། ངོས་ཀྱི་མདུན་ནས་གསང་སྔགས་ཀྱི་དབང་ལ་སོགས་པའི་ཆོས་ཞུས་ན། བླ་སློབ་གཉིས་ཀར་དམ་ཚིག་ཉམས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་རེད། ཅེས་བཀའ་སློབ་སྩལ་ཡོད། བཀའ་སློབ་འདིའི་ནང་མཚོན་ནའང་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྩ་བ་ཉིད་ནས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་གསུངས་མེད། དོལ་རྒྱལ་མ་བསྟེན་ན་ཡག་པོ་ཡོད་པ་དང་།
འོན་ཀྱང་ངོས་ཀྱིས་བཤད་པ་དེ་ཉན་མ་ཉན་སོ་སོའི་འདོད་པ་རེད། ཅེས་བཀའ་སློབ་སྩལ་ཡོད་པར་བརྟེན། ཕྱོགས་གཅིག་ནས་ད་ལྟ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་མི་ཆོག་པ་བཟོས་ཐུབ་རྒྱུ་མེད་ལ། མི་ཆོག་པ་ (ban) ཞེས་པ་དེ་མཛད་མེད། དེ་ང་ཚོས་གསལ་པོ་བྱས་ཏེ་ཤེས་དགོས་རྒྱུ་ཞིག་རེད། དེར་བརྟེན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཉན་དང་མ་ཉན་གྱི་རང་དབང་དེ་དོལ་རྒྱལ་རྗེས་འབྲང་པ་ཚོར་རང་འཇགས་བཞག་ཡོད་པ་མ་གཏོགས་རང་དབང་དེར་གང་དུའང་གནོད་སྐྱོན་བཏང་མེད། ཁོ་པ་ཚོས་བྱེད་སྟངས་དང་བཤད་སྟངས་ཕྱོགས་ནས་བལྟས་ན་དེ་ལས་ལྡོག་སྟེ་བོད་མིའི་སྒྲིག་འཛུགས་དང་དགོན་སྡེ་ཁག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཐོབ་ཐང་ལ་ཁོང་ཚོའི་ངོས་ནས་ཚུར་བརྡལ་བཤིག་བཏང་བ་ཧ་ཅང་གསལ་པོ་ཡོད། འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་ཞེས་པ་དེ་སྤྱིར་བཏང་གི་སྐད་ཆ་ཞིག་རེད། ད་ལྟ་དོལ་རྒྱལ་བསྟེན་དང་མ་བསྟེན་ཞེས་པ་འདི་གལ་སྲིད་མ་བསྟེན་གསུངས་ན། དེས་བསྟེན་མཁན་ཚོས་ཆོས་དད་རང་དབང་གི་ཐོབ་ཐང་ལ་གནོད་ཀྱི་ཡོད་པ་ལྟ་བུར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཧོབ་སྟེ་ལྟ་སྐབས་བསྟེན་དང་མ་བསྟེན་དེ་ཆོས་དད་རང་དབང་གི་དྲི་བའི་ནང་ཚུད་ཀྱི་ཡོད་སྟབས། མ་བསྟེན་གསུངས་པ་དེ་ཁོང་ཚོས་རང་དབང་ཐོག་ནས་བསྟེན་རྒྱུར་གནོད་པའི་བཟོ་འདྲ་མིན་ནམ་སྙམ་པའི་དོགས་པ་ཡོང་སྲིད་པ་ཞིག་རེད།
འོན་ཀྱང་གནས་སྟངས་འདི་ཞིབ་ཚགས་པོ་བྱས་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བསམ་བློ་བཏང་ན་ཆོས་དད་རང་དབང་གི་ཐོབ་ཐང་དེ་རྒྱལ་སྤྱིའི་ཁྲིམས་གང་གི་ནང་གསལ་གྱི་ཡོད་དམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཞེས་པ་ཞིག་ཡོད། ཡོངས་ཁྱབ་གསལ་བསྒྲགས་དེའི་དོན་ཚན་བཅོ་བརྒྱད་པའི་ནང་བོད་སྐད་ཐོག་བརྗོད་ན་ཆོས་དད་རང་དབང་བརྗོད་ཆོག་གི་ཡོད། དེའི་ནང་དོན་དག་གསུམ་གྱི་རང་དབང་སྐོར་སྐད་ཆ་བཤད་ཀྱི་ཡོད། དེ་ནི་རྣམ་རྟོག་དང་། ནང་གི་སེམས་ཚོར། ཆོས་ལུགས། (Thought,Conscience & Religion) ཡིན། མི་ཚང་མར་གཅིག་གྱུར་གྱི་རང་དབང་གི་ཐོབ་ཐང་གང་ཡོད་ཅེ་ན། རང་གི་རྣམ་རྟོག་གང་འདྲ་ཞིག་འཁྱེར་གྱི་ཡིན་ནའང་དེ་འཁྱེར་ཆོག་གི་རེད། ནང་གི་སེམས་ཚོར་གྱི་འགྱུར་བ་གང་འདྲ་ཞིག་ཡོད་ཀྱང་དེར་རང་དབང་ཡོད། ཆོས་ལུགས་གང་འདྲ་ཞིག་ལ་དད་མོས་བྱེད་ཀྱི་ཡིན་ནའང་རང་དབང་ཡོད། ཅེས་རང་དབང་གསུམ་པོ་འདི་ཆོས་རྐྱང་པའི་ཚིག་མེད། ཚིག་གསུམ་པོ་འདི་མཉམ་དུ་ཡོད། དེར་རང་དབང་ཡོད་སྟངས་དེ་སྒེར་གྱི་ཉམས་ལེན་བྱས་ནའང་འགྲིག་གི་རེད། མི་མང་པོ་མཉམ་དུ་ཚོགས་ནས་ཆོ་ག་ཕྱག་ལེན་དང་། གསོལ་འདེབས་སྨོན་ལམ་བྱེད་རྒྱུ་ལ་སོགས་བྱས་ནའང་འགྲིག་གི་རེད། ཁྱབ་སྤེལ་དང་དྲིལ་བསྒྲགས་བྱས་ནའང་འགྲིག་གི་རེད། ཆོས་ལུགས་བརྗེ་འགྱུར་བྱས་ནའང་འགྲིག་གི་རེད། ཆོས་ལུགས་བརྗེ་རྒྱུ་དེ་ཡང་ཆོས་དད་རང་དབང་གི་ཐོབ་ཐང་ནང་ཡོད།
དེར་བརྟེན་ཆོས་ལུགས་རང་དབང་གི་ཆོས་དད་རང་དབང་གི་ཐོབ་ཐང་ནང་ལ་ཆོས་ལུགས་བྱེ་བྲག་པ་གང་ཡང་རུང་བ་ཞིག་ལ་སྐྱོན་བརྗོད་དང་ཡོན་ཏན་བརྗོད་རྒྱུ། དེར་བརྟེན་ནས་གང་ཟག་བྱེ་བྲག་པ་སུ་ཡང་རུང་བ་ཞིག་གིས་ཆོས་ལུགས་བརྗེ་པོ་རྒྱག་རྒྱུ་ཡོངས་རྫོགས་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཆོས་དད་རང་དབང་གི་དོན་ཚན་དེའི་ནང་ཚུད་ཡོད་པ་ཞིག་རེད། དེར་བརྟེན་ཁོང་རང་ཚོ་སྒེར་ངོས་ནས་དོལ་རྒྱལ་བསྟེན་གསོལ་བྱས་པར་ང་ཚོ་སུ་ཞིག་གིས་མ་བྱོས་ཞེས་བཀག་སྡོམ་བྱེད་པར་འགྲོ་གི་མེད། བཀའ་སློབ་གནང་བ་ཙམ་ཞིག་རེད། ཁོང་ཚོའི་མཉམ་ཚོགས་ཐོག་དུང་དང་རྒྱལ་གླིང། རྔ་སྦུག་རོལ་མོ་དཀྲོལ་ནས་བསྐང་གསོ་གཏོང་སྐབས་སུ་ཞིག་གིས་དེར་འགོག་རྐྱེན་བཟོ་གི་མེད། རྒྱ་གར་ལྷོ་ཕྱོགས་ལ་ཕྱིན་ན་ཤར་དགེ་ལྡན་དང་སེར་སྨད་སྤོམ་ར་ཟུར་དུ་ཕྱིན་པ་དེའི་ནང་ལྟོས་དང། དགོན་པ་ཨ་མ་ཚོ་ལས་རྫིག་པ་ཁོང་རང་ཚོས་གྲ་རྒྱས་པ་བྱས་དང་བྱེད་མུས་རེད། དེ་ཚོར་སྤྱི་ཚོགས་དང་སྒྲིག་འཛུགས་སུ་གང་ཞིག་གིས་ཐེ་གཏོགས་བྱེད་ཀྱི་མེད། དྲིལ་བསྒྲགས་གནས་སྟངས་ནི་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཁོང་རང་ཚོར་རང་དབང་ཡོད་ནས་བྱས་པ་ཞིག་རེད་མ་གཏོགས་རང་དབང་མེད་པར་བྱས་པ་ཞིག་མ་རེད། དེ་དག་ལ་ང་ཚོའི་ངོས་ནས་གནོད་སྐྱོན་སྤུ་ཙམ་བཏང་མེད། ༸གོང་ས་མཆོག་གིས་དོལ་རྒྱལ་བཀའ་འགོག་གནང་ན་འགྲིག་གི་མི་འདུག ཅེས་རྗོད་བཞིན་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་ཆོས་དད་རང་དབང་ལ་དོ་ཕོག་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་ཁོང་ཚོར་དྲིལ་བསྒྲགས་མ་བྱེད་བརྗོད་ཀྱི་མེད། ཁོ་པ་ཚོའི་ངོས་ནས་༸གོང་ས་མཆོག་ལ་དོལ་རྒྱལ་སྐོར་དྲིལ་བསྒྲགས་བཀག་འགོག་མ་གནང་རོགས་གནང་ཞེས་ངོ་རྒོལ་བྱེད་ཀྱི་ཡོད།
དེར་བརྟེན་ཆོས་དད་རང་དབང་ཕར་གདལ་བཤིག་བཏང་བ་རེད་དམ། ཚུར་གདལ་བཤིག་བཏང་བ་རེད། དེ་ང་ཚོས་གསལ་པོ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལར་ནས་ཆོས་དད་རང་དབང་གི་ཐོབ་ཐང་ཞེས་པ་ནི་ཆ་རྐྱེན་མེད་པའི་ཐོབ་ཐང་ཞིག་མ་རེད། ག་དུས་ཡིན་རུང་ཆ་རྐྱེན་ཡོད་པའི་ཐོབ་ཐང་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་ཀྱི་དོན་ཚན་གཉིས་པའི་ནང་ཡོད་པའི་ཐོབ་ཐང་ཚང་མ་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ཚང་མར་གཅིག་མཚུངས་ཡོད་པ་རེད་མ་གཏོགས་ཁ་ཤས་ལ་ཡོད་པ་དང་ཁ་ཤས་ལ་མེད་པ་མིན། ཞེས་གསལ་བཤད་བྱས་ཡོད། དེར་བརྟེན་ཆོས་དད་རང་དབང་གི་ཐོབ་ཐང་ཡང་དོལ་རྒྱལ་རྗེས་འབྲང་པ་ཇི་ཙམ་ཡོད་པ་དེ་དང་གཅིག་མཚུངས་༸གོང་ས་མཆོག་དང་བོད་མི་གཞན་ལའང་ཡོད་དགོས་ཀྱི་རེད། དེར་བརྟེན་དེ་གདལ་བཤིག་ཕྱིན་མེད་པ་དང་གལ་སྲིད་གདལ་བཤིག་ཕྱིན་ཡོད་ན། ཚུར་ཁ་ལོག་ནས་༸གོང་ས་མཆོག་དང་བོད་མི་གཞན་དག་གི་ཆོས་དད་རང་དབང་གི་ཐོབ་ཐང་ལ་གདལ་བཤིག་ཕྱིན་པ་ཡིན་པ་དེ་ཁྲིམས་དང་ཆབ་སྲིད་ཐོག་ནས་ར་སྤྲོད་དང་བདེན་རྟགས་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ཅེས་བརྗོད་རྒྱུ་ཡིན། ང་ཚོ་རྒྱ་གར་ནང་བསྡད་ཡོད་པར་བརྟེན། རྒྱ་གར་ནང་གི་ཆོས་དད་རང་དབང་གི་གནས་སྟངས་བཤད་དགོས་བྱུང་ན། རྒྱ་གར་གྱི་རྩ་ཁྲིམས་འོག་ནས་བཤད་དགོས་པ་ཞིག་རེད། རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་དད་རང་དབང་གི་ཐོབ་ཐང་རྩ་ཁྲིམས་དོན་ཚན་ ༢༥ ནང་ཡོད།
དེའི་ནང་གསེས་དང་པོ་གཉིས་པ་གསུམ་པ་དང་དེའི་འགྲེལ་བརྗོད་བཅས་ལ་ལྟོས་དང། རྒྱ་གར་ནང་ཆོས་དད་རང་དབང་ག་རེ་ཡོད་པ་དེ་རྩ་ཁྲིམས་དོན་ཚན་ ༢༥ ནང་གསལ་གྱི་རེད། རྒྱ་གར་གྱི་ཆོས་དད་རང་དབང་གི་ཐོབ་ཐང་དེ་ཆ་རྐྱེན་མང་པོ་ཡོད་པའི་ཐོབ་ཐང་ཞིག་རེད་མ་གཏོགས་ཆ་རྐྱེན་གང་ཡང་མེད་པའི་ཐོབ་ཐང་ཞིག་ཆགས་ཀྱི་མེད། རྩ་ཁྲིམས་དོན་ཚན་ ༢༥ ཆོས་དད་རང་དབང་གི་ (Freedom of Religion) ཅེས་པའི་མགོར་གང་ཞིག་བརྗོད་ཡོད་དམ་ཞེ་ན། མགོ་དང་པོར། སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་མང་ཚོགས་ཀྱི་སྒྲིག་འཛུགས། བཟང་སྤྱོད། འཕྲོད་བསྟེན་བཅས་ལ་མ་གནོད་པའི་ཐོག་ནས། ཞེས་ཆ་རྐྱེན་གསུམ་པོ་འདི་སྔོན་དུ་ཡོད། དེ་ནས་དེ་ཚོར་གནོད་ཀྱི་མེད་པ་ཡིན་ན། ཆོས་ལུགས་གང་འདྲ་ཞིག་ལ་དད་པ་དང་ཉམས་ལེན། མཉམ་ཚོགས། དྲིལ་བསྒྲགས་སོགས་བྱས་ཀྱང་ཆོག་གི་རེད། གལ་སྲིད་ཆོས་ལུགས་གཅིག་གིས་ཉམས་ལེན་དང་ཆོ་ག་ཕྱག་ལེན་ལ་ཁ་གཡར་ཏེ་མང་ཚོགས་ཀྱི་སྒྲིག་འཛུགས་ལ་གནོད་ཀྱི་ཡོད་ན། དཔེར་ན། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ལྟ་བུར་ཆ་མཚོན་ན། ད་ལྟ་ང་ཚོ་བོད་པའི་མང་ཚོགས་དང་སྒྲིག་འཛུགས་ནང་སྟབས་མ་བདེ་བ་བཟོ་མཁན་ཆེ་ཤོས་ཤིག་ཁོ་པ་ཚོ་ཆགས་ཀྱི་ཡོད། བཟང་སྤྱོད་དང་འགལ་ན་འཇིགས་སྐུལ་རིང་ལུགས་བྱེད་རྒྱུ་དང་མི་གསོད་རྡུང་དང་མནར་གཅོད་གཏོང་རྒྱུ་ཡོངས་རྫོགས་དོལ་རྒྱལ་རྗེས་འབྲང་པ་ཚོས་བྱས་དང་བྱེད་མུས་རེད།
དེ་དག་ལ་ལྟ་སྐབས་བཟང་སྤྱོད་དང་འགལ་བ་ཞིག་ཆགས་ཀྱི་ཡོད། འཕྲོད་བསྟེན་ལ་གནོད་དང་མི་གནོད་ཅེས་པ་དེ་ནི་སྐབས་མཚམས་སོ་སོའི་གནས་ཚུལ་བྱེ་བྲག་པ་ཞིག་རེད། དཔེར་ན། ད་ལྟའི་ཁོ་པ་ཚོའི་བྱེད་བབ་དེ་མུ་མཐུད་ནས་ཕྱིན་ན། རྒྱ་གར་གཞུང་ཕྱོགས་ནས་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བཀག་བསྡོམས་བྱས་ན་བྱས་ཆོག་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ལྷག་པར་ཁོང་རང་ཚོའི་འགྲོ་སྟངས་དང་ལས་ཀ་བྱེད་སྟངས་ཐོག་ནས་ནུབ་ཕྱོགས་པའི་ལྟ་སྟངས་ཐོག་ནས་བྱས་ན། ཆོས་ལུགས་ཀྱི་ཚབ་ཏུ་ (Cult) ཀལ་ཊི་རེད་ཅེས་བརྗོད་ཀྱང་མ་ཡིན་པའི་རྒྱུ་མཚན་ཤོད་རྒྱུ་ཧ་ཅང་ཁག་པོ་རེད། དབྱིན་ལན་དུ་ཡོད་པའི་དགེ་བཤེས་སྐལ་བཟང་གི་ཆོས་ཚོགས་དེ་ཀལ་ཊིའི་ངོ་བོ་ལ་ཆགས་ཀྱི་ཡོད་པ་ལྟ་བུ་དབྱིན་ཇིའི་གཞུང་གིས་ཐེངས་ཁ་ཤས་མཐོང་བ་རེད། ད་ལྟ་ཁོ་རང་ཚོའི་བྱེད་ཕྱོགས་ལ་ཕྲན་བུ་འགྱུར་བ་བཏང་ནས་ཁོ་རང་ཚོར་དཀའ་ངལ་མི་ཡོང་རྒྱུའི་ཐབས་ཤེས་མང་པོ་བྱས་པ་རེད། དེང་སང་ཕྲན་བུ་ལྷིང་འཇགས་ཡོད།
བྷོབ་ཐར་མན་ (Bob Thurman) གྱི་རྩོམ་ཡིག་དེ་དག་ཀློག་ན་(New kadampa)ཞེས་པ་དེ་ཀལ་ཊི་ཡིན་པ་དང་། གལ་སྲིད་ཀལ་ཊི་མིན་ནའང་དེའི་ངོས་སུ་འགྲོ་ཡི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེ་ལྟར་སོང་ན་རྒྱ་གར་གྱི་ཁྲིམས་ཐོག་ནས་བཀག་བསྡོམས་བྱེད་ཆོག་རྒྱུ་མ་གཏོགས་བྱེད་མ་ཆོག་རྒྱུའི་གནས་སྟངས་ཆགས་ཀྱི་མེད། རྩ་ཁྲིམས་དོན་ཚན་ཉེར་ལྔ་པའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་ནང་། ཆོས་ལུགས་ཁག་དང་ཆོས་ལུགས་ཁག་གི་འཛིན་སྐྱོང་དང་འབྲེལ་བའི་རྩ་ཁྲིམས་གཏན་ལ་མ་ཕབ་པའི་སྔོན་གཏན་ལ་ཕབ་ཟིན་པའི་ཁྲིམས་ཡིག་གང་ཡོད་པ་དེ་རང་འཇགས་བསྡད་ཀྱི་རེད་མ་གཏོགས་འགྱུར་བ་འགྲོ་ཡི་མ་རེད། ཆོས་དད་རང་དབང་གི་ཆ་རྐྱེན་དེའི་འོག་ནས་འགྱུར་བ་འགྲོ་ཡི་མ་རེད། ཅེས་བྲིས་ཡོད། དེའི་འོག་གི་དོན་ཚན་ནང་རྒྱ་གར་གཞུང་གི་དབུས་གྲོས་ཚོགས་དང་མངའ་སྡེ་གྲོས་ཚོགས་སོ་སོས་དགོས་གལ་ནམ་བྱུང་ལ་ཆོས་ལུགས་ཁག་གི་ཉམས་ལེན་བྱེད་སྟངས་དང་། འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ཚོད་འཛིན་དང་བཀག་འགོག་བྱེད་རྒྱུའི་ཁྲིམས་བཟོས་ན་ཁྲིམས་བཟོ་ཆོག་གི་རེད། ཁྲིམས་བཟོ་རྒྱུའི་དབང་ཚད་དེ་གྲོས་ཚོགས་ལ་ཡོད་མུས་རེད། ཅེས་འདི་ལྟར་བྲིས་ཡོད། དཔེར་ན། རྒྱ་གར་གྱི་ཆོས་ལུགས་མང་པོའི་ནང་རིགས་དང་ཁ་མདོག་གི་དབྱེ་བ་ཕྱེ་ནས་ལྷ་ཁང་ནང་རིགས་གང་འདྲ་ཞིག་འགྲོ་ཆོག་པ་དང་། རིགས་གང་འདྲ་ཞིག་འགྲོ་ཆོག་གི་མེད་པ། དེ་བཞིན་སློབ་སྦྱོང་བྱེད་རྒྱུ་དེ་ཡང་རིགས་གང་འདྲ་ཞིག་གིས་བྱེད་ཆོག་པ་དང་རིགས་གང་འདྲ་ཞིག་གིས་བྱེད་ཆོག་གི་མེད་པ། རིགས་དང་ཁ་མདོག་བྱེ་བྲག་པ་ཁ་ཤས་རེག་ཏུ་མི་རུང་བ་ (Untouchable) ལྟ་བུ་བརྩི་རྒྱུའི་ཆོས་ལུགས་ཀྱི་ལམ་སྲོལ་ཡོད། དེ་དག་ཚང་མ་ཆོས་དད་རང་གི་འོག་རང་དབང་སྤྲད་མེད། ཁྲིམས་ཐོག་ནས་ཚང་མ་མེད་པ་བཟོས་ཡོད།
དཔེར་ན། ལྷ་ཁང་ནང་འདི་འཛུལ་ཆོག་དང་འདི་མི་ཆོག་བརྗོད་རྒྱུའི་གནས་སྟངས་དེ་དག་ཚང་མ་ཁྲིམས་ཐོག་ནས་མེད་པ་བཟོས་པ་རེད། དེས་གང་མཚོན་གྱི་ཡོད་ཅེ་ན། མང་ཚོགས་ཀྱི་སྒྲིག་འཛུགས་དང་བཟང་སྤྱོད་དང་འགལ་བའི་གནས་ཚུལ་ཞིག་ཡོང་གི་ཡོད་ན་ཆོས་དད་རང་དབང་ལ་ཐེ་གཏོགས་དང་། ཚོད་འཛིན། སྟངས་འཛིན་བྱེད་ཆོག་པ་དེ་ཁྲིམས་ཐོག་ནས་ཧ་ཅང་གསལ་པོ་རེད། འདི་རྒྱ་གར་གྱི་རྩ་ཁྲིམས་ཀྱི་གནས་སྟངས་ཤིག་རེད། འོན་ཀྱང་ང་ཚོའི་ངོས་ནས་འདི་ལྟ་བུའི་ཚོད་འཛིན་དང་སྟངས་འཛིན་གནང་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟ་བུར་མཚོན་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་པའི་ནང་ཆོས་དད་རང་དབང་གི་གནས་སྟངས་དེ་ཡོད། ཆོས་དད་རང་དབང་གི་གནས་སྟངས་ནང་དང་པོ་དེར་ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཞེས་བཀོད་ཡོད་སྟབས། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དེ་ཆོས་ལུགས་ཤིག་ལ་བརྩིས་ནའང་། དེ་དང་དོལ་རྒྱལ་བསྟེན་གསོལ་མི་བྱེད་མཁན་གཉིས་ཀ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། དེར་བརྟེན་གཅིག་གི་ཐོབ་ཐང་ལ་གཞན་ཞིག་གིས་གནོད་སྐྱོན་བཏང་ན་འགྲིག་གི་མེད། ང་ཚོའི་ངོས་ནས་གནོད་སྐྱོན་གཏོང་གི་མེད། ཁོ་རང་ཚོའི་ངོས་ནས་གནོད་སྐྱོན་གཏོང་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། གལ་སྲིད་དེའི་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོད་འཛིན་གནང་ན་གནང་ཆོག་རྒྱུའི་ཆ་རྐྱེན་དེ་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང་ཡོད། མི་རིགས་དང་རྩ་དོན་གྱི་དགོས་མཁོ་ཆེན་པོའི་ཆེད་ཁྲིམས་ཀྱི་ཐོག་ནས་ཚོད་འཛིན་བཀག་འགོག་བྱས་པ་ཕུད། ཅེས་འཁོད་ཡོད་པར་བརྟེན། ཚོད་འཛིན་བཀག་འགོག་བྱེད་ཆོག་རྒྱུ་ཡོད་པའི་གནས་སྟངས་ཤིག་གསལ་ཡོད།
ད་ལྟ་གནང་ཡོད་མ་རེད་དེ་མ་འོངས་པར་གནང་ནའང་ཁོ་རང་ཚོས་བཤད་པ་བཞིན། ཁོང་ཚོའི་གནས་ཚུལ་ཁ་ཤས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་དང་སྒྲིག་གཞི་བཟོས་ཀྱང་བཟོ་མ་ཆོག་པའི་གནས་སྟངས་མེད་པ་ཧ་ཅང་གསལ་པོ་རེད། ངས་དོན་ཚན་དང་པོ་དེར་བསྡོམས་བརྒྱབ་ནས་ཞུ་རྒྱུར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོར་བླང་དོར་བཀའ་སློབ་སྩལ་བ་ནས་བཟུང་ད་ཕན་དོལ་རྒྱལ་རྗེས་འབྲང་པ་ཚོར་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཐོབ་ཐང་ལ་བརྡལ་བཤིག་དོ་ཕོག་འགྲོ་རྒྱུའི་མཛད་འཕྲིན་སྣ་གཅིག་ཀྱང་བསྐྱངས་མེད། དེ་ལྟར་བསྐྱངས་པའི་ཁྱེད་རང་ཚོར་དོགས་པ་རྣམ་རྟོག་ཡོད་ན་དེ་གཞི་རྩ་མེད་པའི་དོགས་པ་རྣམ་རྟོག་ཅིག་རེད། ཅེས་ངས་གསལ་པོ་ཞིག་བཟོས་ན་བསམས་བྱུང་། གཞི་རྩ་མེད་པའི་དོགས་པ་རྣམ་རྟོག་རེད་ཅེས་ངས་བརྗོད་པ་དེ་ཁྱེད་རང་ཚོས་ཡིད་ཆེས་བྱེད་དགོས་རྒྱུའི་རྒྱུ་མཚན་གང་ཡང་མེད། ཡིད་མ་ཆེས་པ་ཡོང་སྲིད་པ་རེད། འཇིག་རྟེན་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྡལ་བཤིག་ཕྱིན་ན། དེ་བརྡལ་བཤིག་མི་འགྲོ་རྒྱུར་སྲུང་སྐྱོབ་དེ་ག་ནས་ཞུ་དགོས་ཀྱི་རེད། སྲུང་སྐྱོབ་ཞུས་ས་དེ་རྒྱལ་སྤྱིའི་ནང་ཆ་བཞག་ན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ (Amnesty International) ཞེས་པ་འདི་སྒྲིག་འཛུགས་ཆེ་ཤོས་ཤིག་རེད། གལ་སྲིད་དེ་ལྟ་བུའི་བརྡལ་བཤིག་འགྲོ་ཡི་ཡོད་ན་ཞུ་ས་དེ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པར་ཞུ་དགོས། རྒྱ་གར་ནང་ཆ་བཞག་ན་རྒྱ་གར་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་(National Human Rights Commission) ཡོད། རྒྱ་གར་ནང་སྲུང་སྐྱོབ་ཞུ་དགོས་ན་ཚོགས་པ་འདིར་ཞུ་དགོས།
ཕྱི་ལོ་ ༡༩༩༨ ལོར་དོལ་རྒྱལ་རྗེས་འབྲང་པས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པར་ཁྲིམས་གཏུག་བྱས་པ་རེད། དེ་རྗེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཆ་ཚང་ཞིག་ཞིབ་འཇུག་བྱས་ནས་ཐག་གཅོད་ཀྱིས་བཀའ་ལན་ཞིག་གནང་ཡོད་པའི་ནང་། བོད་ནང་ཡིན་ན་ཆོས་དད་རང་དབང་བརྡལ་བཤིག་བཏང་བ་ར་སྤྲོད་མང་པོ་བྱུང་སོང་མ་གཏོགས། བཙན་བྱོལ་ནང་ལྷག་པར་དོལ་རྒྱལ་རྗེས་འབྲང་པ་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཕྱིན་པ་དེ་འདྲ་དོན་ཚན་གཅིག་ཀྱང་ར་འཕྲོད་ཀྱི་མི་འདུག དེར་བརྟེན་ཁྱེད་རང་ཚོས་ཞུས་པའི་དགོས་འདུན་འདི་ང་ཚོའི་ལག་པ་འཆང་ཐུབ་རྒྱུ་མི་འདུག ཅེས་ཚིག་གི་བདག་པོའི་ཚིགས་སུ་བཅད་ནས་བཀའ་ལན་ཧ་ཅང་གསལ་པོ་གནང་ཡོད། འདི་ཡིག་ཐོག་ཏུ་ཡོད་པ་ཡོངས་གྲགས་རེད་མ་གཏོགས་གསང་བའི་ཡིག་ཆ་དེ་འདྲ་གང་ཡང་མིན། ཁྱེད་རང་ཚོས་གཟིགས་ན་དེའི་ནང་ནས་གསལ་པོ་ཞིག་མཁྱེན་ཐུབ་རྒྱུ་ཡོད། དེ་རྗེས་ལ་ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཁོང་ཚོས་སྙན་ཞུ་བཏང་བ་རེད། སྙན་ཞུ་དེའི་ནང་དོན་ཚན་དམིགས་སུ་བཀར་བ་བོད་ནས་གསར་འབྱོར་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་བཅོ་ལྔ་བཅུ་དྲུག་ལ་གདན་ས་ནང་འཛུལ་ཞུགས་བྱེད་རྒྱུའི་ངོས་སྦྱོར་རག་མེད་ལུགས་བཀོད་ཡོད། ཁོང་ཚོ་སློབ་གྲྭ་ཁག་གང་དུ་འཛུལ་ཞུགས་བྱེད་ཀྱང་སློབ་གྲྭར་གཏོང་གི་ཡིན་ཞེས་ཞུས་ཡོད། གདན་སའི་ནང་འཛུལ་ཞུགས་བྱེད་རྒྱུ་ཡིན་ན་སྣེ་ལེན་ཁང་གི་ངོས་སྦྱོར་ཞིག་གཏོང་དགོས་ཀྱི་ཡོད། ངོས་སྦྱོར་དེའི་ནང་མི་འདི་འདྲ་ཞིག་གདན་ས་དང་གྲྭ་ཚང་། ཁང་ཚན་འདི་འདྲ་ཞིག་གི་ནང་འཛུལ་ཞུགས་བྱེད་རྒྱུའི་འདུན་པ་ཡོད་པ་ལྟར་འཛུལ་ཞུགས་བྱེད་བཅུག་རོགས་ཞེས། སློབ་གྲྭ་ཁག་དང་དགོན་སྡེ་ཁག་སོགས་ཆོས་བརྒྱུད་རིས་མེད་ལ་གཅིག་མཚུངས་གཏོང་གི་ཡོད།
དེར་བརྟེན་དོལ་རྒྱལ་རྗེས་འབྲང་པར་གདན་ས་ནང་འཛུལ་ཞུགས་བྱེད་རྒྱུའི་ངོས་སྦྱོར་དེ་སྤྲད་མེད། འོན་ཀྱང་ཁོ་པ་ཚོར་ཁྱེད་རང་ཚོས་སློབ་གྲྭ་གང་འདམ་ཡང་དེར་འགྲོ་རྒྱུར་ངོས་སྦྱོར་སྤྲོད་ཀྱི་ཡིན། དགོན་སྡེ་ཁག་ལ་ངོས་སྦྱོར་སྤྲོད་ཐུབ་ཀྱི་མ་རེད། ཞེས་བརྗོད་ཡོད། དགོན་སྡེ་ཁག་ལ་ངོས་སྦྱོར་སྤྲད་མི་ཐུབ་པའི་རྒྱུ་མཚན་ནི། རི་བོ་དགེ་ལྡན་སྤྱི་ལ་ཁྱབ་པའི་བཅའ་ཡིག་རི་བོ་དགེ་ལྡན་པའི་བསྟན་བདག་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བ་དེའི་ནང་། དགེ་ལུགས་པའི་ཆོས་སྡེ་གང་དུ་འཛུལ་ཞུགས་བྱེད་ཀྱང་། དོལ་རྒྱལ་བསྟེན་གསོལ་མི་བྱེད་པའམ་མཚམས་འཇོག་བྱས་ཟིན་པ་ཞིག་དགོས་ཀྱི་རེད། ཅེས་ཆ་རྐྱེན་འདི་བཞག་ཡོད། ཆ་རྐྱེན་འདི་བཙན་བྱོལ་སྒྲིག་འཛུགས་ཀྱི་མེད་པ་བཟོ་ཐུབ་ཐབས་མེད། སྤྱིར་བཏང་ནས་དགོན་པ་དང་སློབ་གྲྭ མཐོ་རིམ་སློབ་གྲྭ་གང་འདྲ་ཞིག་ཡིན་རུང་འཛུལ་ཞུགས་ཀྱི་ཆ་རྐྱེན་སྒྲིག་གཞི་བཟོ་རྒྱུ་དེ་སྒྲིག་འཛུགས་སོ་སོ་རང་གི་རང་དབང་རེད། དེར་ཐོབ་ཐང་ཡིན་ཞེས་རྩོད་རྒྱུ་མེད། སྒྲིག་འཛུགས་སོ་སོའི་སྒྲིག་གཞི་གང་འདྲ་ཞིག་བཟོས་པ་དེ་སྒྲིག་འཛུགས་སོ་སོས་སྒྲིག་གཞི་བཟོ་སྟངས་ཀྱི་ཁྲིམས་དང་སྒྲིག་གཞིའི་འོག་ནས་འགྲོ་རྒྱུ་ཞིག་རེད།
དེར་བརྟེན་སྣེ་ལེན་ཁང་གིས་དགེ་ལུགས་སྤྱིའི་བཅའ་ཡིག་ཆེན་མོ་དང་འགལ་བའི་ངོས་སྦྱོར་ཕུལ་ཐུབ་ཀྱི་མེད་པར་བརྟེན་ངོས་སྦྱོར་ཕུལ་མེད། འདི་དམིགས་སུ་བཀར་ཡོད་པ་དང་གཞན་ཁོ་པ་ཚོས་དེའི་སྔོན་ལ་སྤྱིར་བཏང་བཤད་དང་ཤོད་བཞིན་པ་མང་པོ་ཞིག་ཡོད། དཔེར་ན། སློབ་གྲྭ་ནས་ཕྱིར་འབུད་བྱས་སོང་དང་། སྨན་ཁང་ནང་འགྲོ་ཆོག་གི་མི་འདུག་ལ་སོགས་པ་འདི་དག་གཅིག་ལའང་དན་རྟགས་མེད། གྲོས་ཚོགས་ཀྱི་བགྲོ་གླེང་དང་ཡིག་ཆ་ཁག་ལ་གཟིགས་ན་ཚང་མ་རྫུན་མ་ཡིན་པ་ཞིག་མ་གཏོགས་བདེན་པ་གཅིག་ཀྱང་མེད་པ་གསལ་པོ་རེད།
དེའི་སྐོར་རྒྱ་གར་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱིས་ཞིབ་འཇུག་མཐར་ཕྱིན་པ་གནང་སྟེ། སྣེ་ལེན་ཁང་དང་འབྲེལ་ཡོད་ལས་ཁུངས་ཁག་ལ་བཀའ་རྩད་ཕེབས་ཡོད། ཁོ་རང་ཚོས་དེ་མ་ཡིན་པའི་ཞིབ་འཇུག་ཆ་ཚང་གནང་ནས་དེའི་ནང་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བ་གཅིག་ཀྱང་མི་འདུག དེར་བརྟེན་ཁྱེད་རང་ཚོས་ཞུས་དོན་དེར་ང་ཚོས་ཐག་གཅོད་བྱེད་རྒྱུ་དང་ངོས་ལེན་བྱེད་རྒྱུ་གང་ཡང་མི་འདུག ཅེས་ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༡༩ འཁོད་པའི་བཀོད་ཁྱབ་དེའི་ནང་གསལ་པོ་ཡོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱ་གར་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་གཉིས་ཀྱིས་ཐག་གཅོད་འདི་དྲང་བདེན་མིན་པའི་ཐག་གཅོད་ལ་སུས་ཀྱང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། གལ་ཏེ་འདི་དྲང་བདེན་མིན་པའི་ཐག་གཅོད་ཡིན་ན་ད་དུང་ཁྲིམས་ཁང་གོང་མ་ནས་གོང་མར་འགྲོ་དགོས་ཀྱི་རེད་ལ་འགྲོ་ཆོག་གི་རེད། འོན་ཀྱང་ཁོ་པ་ཚོས་ཕྱིན་མེད། དེའི་རྒྱུ་མཚན་ནི་གཞི་རྩ་མེད་པའི་གནས་སྟངས་ཤིག་ཆགས་ཡོད། ཁོ་པ་ཚོས་ཐག་གཅོད་འདི་ཕྱོགས་ལྷུང་བྱས་ནས་ཐག་གཅོད་བྱས་པའི་གནས་སྟངས་ཤིག་ཆགས་ཀྱི་མེད། ཞིབ་འཇུག་མཐར་ཕྱིན་བྱས་པའི་རྗེས་གྲུབ་དོན་གྱི་ཐག་གཅོད་ཅིག་ཆགས་ཀྱི་ཡོད། དེར་ངས་ད་ལྟ་བརྡལ་བཤིག་རྩ་བ་ནས་ཕྱིན་མེད་ཅེས་ཐག་བཅད་ནས་ཞུས་པ་དེ་ཁྲིམས་མཐུན་གྱི་དབང་ཚད་ཡོད་པའི་སྡེ་ཚན་ཁག་གི་ཞིབ་འཇུག་བྱས་པའི་གྲུབ་དོན་ཐག་གཅོད་གཞི་ལ་བཞག་ནས་ཞུ་ཡི་ཡོད། འདི་བདེན་པ་མིན་པའི་གནས་ཚུལ་ར་སྤྲོད་གནང་དགོས་ཀྱི་ཡོད་ན། གོང་རིམ་གྱི་ཁྲིམས་ཁང་དུ་ཕྱིན་ནས་བརྡར་ཤ་གཅོད་དགོས་པ་ཞིག་རེད་མ་གཏོགས་དེ་མིན་སྲང་ལམ་ཁག་ཏུ་ང་ཚོའི་ཐོབ་ཐང་བརྡལ་བཤིག་བཏང་སོང་ཞེས་བརྗོད་པ་དེ་གསལ་པོ་བྱས་ནས་བཤད་པ་ཡིན་ན། སྐྱག་རྫུན་དང་། གཞི་རྩ་མེད་པ། ཆ་བཞག་རྒྱུ་མེད་པ་རེད། དེར་བརྟེན་དེ་ཚོའི་ཐོག་ལ་ང་ཚོས་དོགས་པ་རྣམ་རྟོག་གནང་དགོས་རྒྱུ་མེད་ཅེས་འདི་གཅིག་ཞུ་རྒྱུ་ཡིན།
དོན་ཚན་གཉིས་པ། སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་སྟངས་ཐོག་ནས་ཁོ་པ་ཚོར་དབྱེ་འབྱེད་བྱས་པ་དང་། དྲང་བདེན་མ་བྱས་པ་ཟེར་རྒྱུའི་དགོངས་ཚུལ་ཞིག་ཡོད། དེའི་སྐོར་ལ་ང་ཚོས་གསལ་པོ་བྱས་ནས་མཁྱེན་དགོས་པ་ཞིག་ལ་དཔེར་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བྱས་པའི་སྨན་ཁང་། ཚོང་ཁང་། ཟ་ཁང་ལ་སོགས་པ་དེ་འདྲ་གང་གི་ནང་དུའང་དོལ་རྒྱལ་རྗེས་འབྲང་པ་ཡོང་ན་འགྲིག་གི་མེད་ཅེས་བཤད་ཡོད་མ་རེད། ཡི་གེ་སྦྱར་མེད། བཙན་བྱོལ་སྒྲིག་འཛུགས་ངོས་ནས་དབྱེ་འབྱེད་གང་ཡང་བཏང་མེད། བལ་ཡུལ་སྣེ་ལེན་ཁང་ནས་བཟུང་རྡ་རམ་ས་ལ་སྣེ་ལེན་ཁང་གི་བར་དུ། རྡ་ས་སྣེ་ལེན་ཁང་དུ་བསླེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་བར་དུ་སློབ་གྲྭ་ཁག་ནང་གཏོང་རྒྱུའི་བར་དུ། བོད་མི་གཅིག་མཚུངས་བྱས་ཡོད་མ་གཏོགས་གསལ་བསྒྲགས་བྱས་ནས་ང་དོལ་རྒྱལ་རྗེས་འབྲང་པ་ཡིན་དོལ་རྒྱལ་སྟེན་མཁན་ཡིན་བརྗོད་ནས་ཡོང་མཁན་དེ་ཚོ་ལའང་ང་ཚོས་དབྱེ་འབྱེད་མ་བྱས་པར། ཁོ་པ་ཚོར་མཐུན་རྐྱེན་དང་འཕྲོད་བསྟེན་གང་ཅིའི་ཐོག་གཅིག་གྱུར་བྱས་ཡོད། སློབ་གྲྭ་ཁག་ནང་ངོས་སྦྱོར་བཏང་སྟེ་སློབ་གྲྭར་བཏང་བ་རེད། དེ་ལྟར་བཏང་བའི་མི་ལྷག་མ་དེ་འདྲ་ད་ལྟའང་ཡོད་སྲིད་པ་རེད། འོན་ཀྱང་སྤྱི་ཚོགས་ནང་གང་ཟག་སྒེར་གྱི་འཛིན་སྐྱོང་བྱས་པའི་ཟ་ཁང་དང་། ཚོང་ཁང་དེ་ཚོའི་ནང་དུ་དོལ་རྒྱལ་རྗེས་འབྲང་པ་དེ་ཚོ་མ་ཕེབས་རོགས་ཞེས་ཡི་གེ་སྦྱར་བ་དེ་དག་ཚོང་ཁང་བདག་པོའི་རང་དབང་རེད། ཁོང་ཚོའི་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་རེད། ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་དུ་དོན་ཚན་བྱེ་བྲག་པ་ཞིག་ཡོད། གྲངས་ཁ་དེ་ངས་དྲན་གྱི་མི་འདུག Right to Privacy སོ་སོ་སྒེར་བྱས་ནས་ཟུར་དུ་སྡོད་རྒྱུའི་ཐོབ་ཐང་ཡོད། ཐོབ་ཐང་དེའི་འོག་ནས་སུ་དང་སུ་ཡིན་ནའང་འདིར་མ་ཡོང་རོགས་ཞེས་བརྗོད་རྒྱུའི་ཐོབ་ཐང་དེ་བདག་པོ་དེའི་གཞི་རིམ་གྱི་ཐོབ་ཐང་རེད། དེ་ལ་ང་ཚོས་བརྡལ་བཤིག་གཏོང་ཐུབ་ཐབས་མེད། དཔེར་ན། མགྲོན་ཁང་ཆེན་པོ་དེ་འདྲའི་ནང་དུ་སྡོད་པའི་སྐབས་སུ་མགྲོན་ཁང་དེའི་སྒོ་འགྲམ་དུ་ཤོག་བུ་ཁ་ཤས་འཇོག་གི་འདུག ཤོག་བུ་གཅིག་གི་ནང་དུ་ Do not disturb ཟེར་ནས་ཡོད། སོ་སོའི་ཁང་མིག་ནང་དུ་གནས་སྐབས་རིང་སུའང་མི་ཡོང་བའི་འདོད་པ་ཡོད་པ་ཡིན་ན། དེ་ཕྱིར་ལོག་ལ་བཀལ་པ་ཡིན་ན། འདི་སུ་གང་ལ་དབྱེ་འབྱེད་བཏང་བའི་སྐད་ཆ་མ་རེད། གཙང་མ་བཟོ་མཁན་དང་། ཁ་ལག་སྐྱེལ་མཁན་རིགས་ཡིན་ན་རེད། དེ་དག་ལ་གནས་སྐབས་རིང་མ་ཡོང་ཞེས་བརྗོད་ཀྱི་ཡོད།
དགོན་པ་དང་ཆོས་སྡེ་ཁག་གི་ནང་དུ་དོལ་རྒྱལ་རྗེས་འབྲང་པ་ཚོ་འདིར་འཕྲིན་བཅོལ་དང་ཞལ་འདེབས་བརྒྱབ་པར་མ་ཡོང་ཞེས་སྒོ་བྱང་སྦྱར་བ་དེ་དག་སྒོ་བྱང་སྦྱར་མཁན་གྱི་ཁྲིམས་མཐུན་ཐོབ་ཐང་ཞིག་རེད་མ་གཏོགས་ཁྲིམས་མཐུན་གྱི་ཐོབ་ཐང་འགལ་ནས་མི་གཞན་ཞིག་གི་ཐོབ་ཐང་ལ་བརྡལ་བཤིག་བཏང་བ་དེ་འདྲ་གང་ཡང་མ་རེད། ཨ་ལས་གཞན་ཕར་བཞག་སྨན་ཁང་ཁག་ནང་གཅིག་གི་གཅིག་ལ་འགོ་འགྲོ་བའི་འགོས་ནད་ཡོད་མཁན་གྱི་ནད་པ་དེ་དག་ཟུར་བཅད་བྱེད་ཀྱི་འདུག ཁང་མིག་ཟུར་དུ་བཞག་སྟེ་མི་གཞན་དང་ཐུག་མ་བཅུག་པ་དེ་ནད་པ་ཁོ་རང་དང་གཞན་ལ་འགོ་དོགས་ཡོད་པའི་ནད་པ་མིན་པ་གཉིས་ཀའི་ཁེ་ཕན་ཆེད་དུ་བྱེད་ཀྱི་ཡོད་པ་ལས་ནད་པ་དང་ནད་པ་མིན་པའི་ཐོབ་ཐང་འཕྲོག་གི་མེད། དབྱིན་ཇིའི་སྐད་ནང་ Social discrimination དང་ Social boycott ཚིག་མི་འདྲ་བ་གཉིས་དེ་མགོ་བདེ་པོ་བྱས་ནས་བསྲེས་ནས་ཤོད་ཀྱི་ཡོད། Social discrimination ཟེར་རྒྱུ་དེ་གནས་ཚུལ་ཐ་དད་རེད། Social boycott ཟེར་རྒྱུ་དེ་གནས་ཚུལ་ཁྱོན་ཡོངས་ནས་ཐ་དད་རེད། དོལ་རྒྱལ་རྗེས་འབྲང་པ་དེ་ཚོས་དེ་གཉིས་མཉམ་དུ་བསྲེས་ནས་མི་ཚོ་མགོ་སྐོར་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག ཁོ་པ་ཚོར་སྤྱི་ཚོགས་ཀྱིས་ཟུར་བཅད་ Social boycott བྱེད་སྐབས་ང་ཚོར་དབྱེ་འབྱེད་ Social discrimination བྱེད་ཀྱི་འདུག་བཤད་ཀྱི་ཡོད། འདི་དབྱེ་འབྱེད་ Discrimination གང་ཡང་མ་རེད། ཟུར་བཅད་ Boycott བྱེད་རྒྱུ་དེ་སུ་ཡིན་ནའང་ཐོབ་ཐང་ཡོད་པ་ཞིག་རེད།
ལྷག་པར་འཚེ་མེད་ཞི་བའི་ལམ་ནས་གནས་ཚུལ་མ་འོས་པ་ཞིག་ལ་གདོང་ལེན་དང་ངོ་རྒོལ་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཟུར་བཅད་བྱ་རྒྱུ་དེ་རེད། བདག་ཉིད་ཆེན་པོ་གཱན་ངྷིས་རྒྱ་གར་རང་བཙན་རྩོད་ལེན་གནང་སྐབས་དང་། དེ་མིན་གནས་ཚུལ་མང་པོའི་ཐོག་ལ་མཐུན་འགྱུར་མི་གནང་རྒྱུ་དང་ཟུར་བཅད་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་ཤིག་ལ་གཟིགས་ཏེ་ཕྱག་ལེན་བསྟར་བ་རེད། ཟུར་བཅད་ Boycott ལ་གཱན་ངྷིས་མིང་གསར་པ་དེ་ non cooperation ཟེར་རྒྱུ་དེ་རེད། མཐུན་འགྱུར་མི་གནང་བ། མཉམ་རུབ་མི་བྱེད་པ་ལ་གོ་དགོས། དེ་དང་ Social boycott གཉིས་དོན་དག་གཅིག་པ་ལྟ་བུ་རེད། དེར་བརྟེན་བོད་པའི་སྤྱི་ཚོགས་ནང་ཚོང་ཁང་དང་ཟ་ཁང་། དགོན་པའི་བདག་པོ་བཅས་ཀྱི་དོལ་རྒྱལ་རྗེས་འབྲང་པ་ཚོ་དང་མཉམ་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་ཆེད་དུ་ཁོ་རང་ཚོའི་ཚོང་ཁང་དང་ཟ་ཁང་སོགས་གང་ཡིན་ནའང་དེའི་སྒོ་སྟེང་དུ་དོལ་རྒྱལ་རྗེས་འབྲང་པ་ཚོ་མ་ཕེབས་རོགས་ཞེས་སྒོ་བྱང་སྦྱར་རྒྱུ་དེ་བདག་པོ་རང་གི་ཁྲིམས་མཐུན་གྱི་ཐོབ་ཐང་ཐོག་ནས་བྱས་པ་ལས་དོལ་རྒྱལ་རྗེས་འབྲང་པའི་ཐོབ་ཐང་འཕྲོག་ནས་བྱས་པ་ཞིག་མིན་པ་གསལ་པོ་བྱས་ནས་མཁྱེན་དགོས་པ་ཞིག་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་སྤྱི་ཚོགས་ཟུར་བཅད་ཀྱི་ལས་དོན་མང་པོ་བྱེད་ཀྱི་ཡོད། གཞོན་ནུ་ལྷན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱ་ནག་ནས་ཐོན་སྐྱེད་བྱས་པའི་ཅ་ལག་ཉོ་གི་མིན་ཟེར་ནས་ལས་དོན་སྒྲུབ་མིན་ལ་མ་ལྟོས་པར་ཚར་མང་པོ་བྱེད་ཀྱི་འདུག ངས་དྲན་ཐོག་ལ་རྡ་སར་ཇ་དམ་གཅག་པ་དང་། མལ་གཟན་མེར་སྲེག་བཏང་བ་སོགས་མང་པོ་བྱས་པ་རེད།
འོན་ཀྱང་རྒྱ་མིའི་ཅ་ལག་ཉོ་རྒྱུ་བཀག་འགོག་སུ་གང་གི་བྱེད་ཐུབ་མེད་ཀྱང་བཀག་འགོག་གི་ཐབས་ཤེས་བྱས་པ་རེད། དེ་དག་གིས་རྒྱ་ནག་གི་ཚོང་པ་དང་། རྒྱ་ནག་གི་བཟོ་ལས་པ་དེ་དག་ལ་ང་ཚོས་དབྱེ་འབྱེད་བྱས་པ་མ་རེད། Social discrimination བྱས་པ་མ་རེད། Social boycott བྱས་པ་རེད། དེ་འོས་ཤིང་འཚམ་པ་ཞིག་ལ་བསམ་བློ་བཏང་ནས་ང་ཚོས་བྱེད་ཀྱི་ཡོད་པ་ལས་མ་འོས་པ་དང་མ་བདེན་པའི་གནས་སྟངས་ཤིག་གི་ཐོག་ནས་བྱེད་ཀྱི་ཡོད་མ་རེད། ལྷག་པར་དོལ་རྒྱལ་རྗེས་འབྲང་པ་ཚོ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་མཁྱེན་དགོས་པ་ཞིག་ལ་དོལ་རྒྱལ་རྗེས་འབྲང་པ་དེ་ཚོས་རང་རང་སོ་སོ་ཁ་ཁུ་སིམ་པོའི་ཐོག་ནས་སྒེར་གྱི་དོལ་རྒྱལ་བསྟེན་གསོལ་བྱས་ན། སུ་གང་གིས་དེ་ལ་བརྙས་གཙེར་བྱེད་མཁན་ཡོང་ཤེས་ཀྱི་མ་རེད། སྤྱི་ཚོགས་ནང་ཟུར་བཅད་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་དོལ་རྒྱལ་བསྟེན་གྱི་འདུག་ཟེར་ནས་ཟུར་བཅད་བྱ་རྒྱུ་དེ་ཉུང་བ་རེད། དེ་ལས་མང་བ་སྤྱི་ཚོགས་ཀྱི་བསམ་བློའི་ནང་གནོན་ཤུགས་གཅིག་ག་རེ་ཡོད་རེད་ཅེ་ན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་དང་། མངོན་གསལ་དོད་པོའི་ཐོག་ནས་བཀའ་ལ་གྱེན་ལོག་བྱས་པ་དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མིའི་བསམ་བློའི་ནང་མི་བདེ་བ་དང་། ངོས་ལེན་བྱེད་མ་ཐུབ་པ་ཡོང་རྒྱུའི་རྒྱུ་མཚན་གཙོ་བོ་འདི་རེད་མ་གཏོགས་མི་གཅིག་གིས་ཁུག་ཏུ་དོལ་རྒྱལ་བསྟེན་པ་ཡིན་ན། སུས་ཤེས་ཀྱི་རེད། སྤྱི་ཚོགས་ཀྱི་འདོད་པར་མི་འགྲོ་བ་དང་། ཁོང་ཁྲོ་ཡོང་དགོས་དོན་གཙོ་བོ་ནི་༸རྒྱལ་བ་རིན་པོ་ཆེར་མཚན་སྨད་དང་། ངོ་རྒོལ་ཞུ་ཡི་ཡོད་པ་དེའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད། དེར་བརྟེན་ Social boycott བྱེད་མཁན་དང་། དོལ་རྒྱལ་ཚོགས་པ་དང་ཐག་རིང་པོ་བྱས་ནས་སྡོད་མཁན་དེ་དག་ཡག་པོ་མ་རེད་ཅེས་བརྗོད་པ་ཡིན་ན། དེ་འོས་ཤིང་འཚམ་པ་ཞིག་རྩ་བ་ཉིད་ནས་ཆགས་ཀྱི་མེད། གང་ལྟར་བོད་མི་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་དང་མཚན་སྨད་མ་ཞུ་མཁན་གཉིས་ཀར་སྤྱི་ཚོགས་ནང་གཅིག་པ་འདྲ་མཚུངས་བྱས་ནས་བཞག་དགོས་པའི་གནས་ཚུལ་དགོངས་ཀྱི་ཡོད་པ་ཡིན་ན། ཏན་ཏན་ནོར་འཁྲུལ་ཆེན་པོ་རེད་བསམ་གྱི་འདུག
དཔེར་ན། སློབ་གྲྭའི་ནང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་སློབ་ཕྲུག་ཅིག་ལ་སློབ་ཕྲུག་གཞན་པས་དམའ་འབེབས་གཏོང་བ་དང་བརྙས་གཙེར་བྱས་པ་དེ་འདྲ་ཡིན་ན་མ་འོས་པ་རེད། དེ་མིན་དེ་དང་ཐག་རིང་པོ་བྱེད་ནས་བསྡད་པ་ཡིན་ན། མ་འོས་པ་གང་ཡང་མ་རེད་བསམ་གྱི་འདུག ཚང་མ་དང་མཉམ་དུ་ཐག་ཉེ་པོ་བྱས་ནས་འདྲིས་གཤིབས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། འགོས་ནད་ཡོད་པའི་ནད་པ་ལས་ཐག་རིང་པོ་བྱས་ཏེ་བསྡད་པ་ལྟར་༸རྒྱལ་བ་རིན་པོ་ཆེ་མཆོག་དང་དམ་ཚིག་འགལ་བའི་མི་དེ་ཚོ་དང་ཐག་རིང་པོ་བསྡད་པ་ཡིན་ན། དེ་ཕྱོགས་གཉིས་ཀར་ཕན་ཐོགས་རྒྱུ་རེད་མ་གཏོགས་སུ་ལའང་གནོད་རྒྱུ་གང་ཡང་མེད། སུ་གང་གི་ཐོབ་ཐང་ལ་བརྡལ་བཤིག་འགྲོ་རྒྱུ་གང་ཡང་མེད་པར་བརྟེན་སྤྱི་ཚོགས་དང་། སྒྲིག་འཛུགས་ངོས་ནས་ད་བར་དོལ་རྒྱལ་རྗེས་འབྲང་པ་ཚོ་དང་འབྲེལ་བ་བྱེད་ཕྱོགས་སྐོར་ལ་ང་རང་གི་བསམ་ཚུལ་ཐོག་ནས་བལྟས་ན། ནོར་འཁྲུལ་ཕྱིན་པ་གཅིག་ཀྱང་མེད་བསམ་གྱི་ཡོད།
དོན་ཚན་གསུམ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་སྡེ་ཁག སྒྲིག་འཛུགས་ཁག་གི་ངོས་ནས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་། མི་བྱེད་མཁན་གཉིས་ཀྱི་དབར་ལ་ཆིག་སྒྲིལ་ཡོང་རྒྱུའི་ཐབས་ཤེས་མ་གནང་བ་རྩ་བ་ཉིད་ནས་མ་རེད་བསམ་གྱི་ཡོད། ཐབས་ཤེས་དེའི་ཐོག་ལ་ཞན་ཆ་ཡོད་པ་དང་། མ་འདང་བ་ཉུང་དྲགས་པ་དེ་འདྲ་གཅིག་ཀྱང་བྱུང་མེད་པ་ང་རང་གི་ངོས་ནས་གསལ་པོ་བྱས་ནས་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ག་རེ་རེད་ཅེ་ན། དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུའི་སྤང་བླང་ཞུ་རྒྱུ་དེ་ལ་དུས་བཀག་གང་ཡང་བཟོས་མེད། སྤང་བླང་ཞུས་པའི་རྗེས་སུ་ཁྱེད་ཀྱི་སྤང་བླང་ཞུས་པ་དེ་འགྲིག་གི་མི་འདུག་ཅེས་སུ་གང་གིས་གསུང་གི་ཡོད་མ་རེད། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དེ་དག་གི་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་མཚམས་འཇོག་བྱས་ནས་དགོན་སྡེ་དང་སྤྱི་ཚོགས་གང་གི་ནང་ཚུར་ལོག་ཡོང་རྒྱུ་དེ་ག་དུས་ཡིན་ནའང་བྱེད་ཆོག་པ་ཞིག་རེད། ལོག་ཚར་རྗེས་ཁྱེད་རང་སྔོན་མ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རེད་ཟེར་ནས་སུ་གང་གིས་དེ་ལ་ཟུར་ཟ་དང་ཟུར་བཅད་བྱེད་ཀྱི་མེད། གདན་ས་ག་པར་ཕྱིན་པ་ཡིན་ནའང་དེ་དངོས་ཡོད་གནས་ཚུལ་རེད། དོལ་རྒྱལ་བཀག་འགོག་གནང་ནས་ལོ་ ༣༠ ཡས་མས་ཤིག་འགྲོ་ཡི་ཡོད། དེ་རིང་སང་ཉིན་ཡང་གཞི་ནས། ངས་ནོར་འཁྲུལ་ཕྱིན་འདུག་སྤང་བླང་ཞུ་ཡི་ཡིན་ཟེར་ནས་ཡོང་མཁན་ཡོད་པ་ཡིན་ན། གདན་ས་ཁག་གི་ནང་དུ་ཡིན་ནའང་ངོས་ལེན་གནང་རྐྱང་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་ཞུ་མཁན་ཡོད་པ་ཡིན་ནའང་ཐུགས་བརྩེ་བ་ཆེན་པོས་ངོས་བཞེས་གནང་རྐྱང་རེད་མ་གཏོགས་ད་ཁྱེད་རང་ཕྱི་དྲགས་པ་རེད། ད་ཡོད་མ་རེད། ཅེས་ནམ་ཡང་གསུང་གི་མེད། དེར་བརྟེན་ཁོ་རང་ཚོ་ནང་ཁྱིམ་དུ་ལོག་རྒྱུ་དང་། སྤྱི་ཚོགས་བྱིངས་ MainStream ནང་ཚུར་ཡོང་རྒྱུའི་སྒོ་དེ་ག་དུས་ཡིན་ནའང་ཕྱེ་ཡོད་པ་མ་གཏོགས་སྒོ་ནམ་ཡང་བརྒྱབ་མེད། སྒོ་ཕྱེ་ཡོད་པ་ཙམ་མ་ཟད། སྤང་བླང་བྱས་ནས་ལོག་ཡོང་རྒྱུ་དེ་སུ་ཡིན་ནའང་བྱེད་ཐུབ་པ་དང་། སྒྲུབ་ཐུབ་རྒྱུའི་གནས་སྟངས་ཤིག་རེད་མ་གཏོགས་འདི་རང་གི་མི་ཚེའི་མདུན་ལམ་དང་། ཆོས་དང་འཇིག་རྟེན་གང་གི་ཐོག་ནས་དོལ་རྒྱལ་བཞག་ཐུབ་ས་མ་རེད་ཟེར་ནས། དཔེར་ན། བླ་མ་དང་འཇིག་རྟེན་དྲེགས་པའི་འདྲེ་གཉིས་གདམ་ཁ་རྒྱག་དགོས་བྱུང་ན། ངས་འདྲེ་གདམ་ཁ་རྒྱག་གི་ཡིན་ཟེར་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག དེར་བརྟེན་སྤང་བླང་བྱས་པའི་ཉིན་མོ་དེར་ག་དུས་ཡིན་ནའང་སོ་སོའི་སྤྱི་ཚོགས་རྙིང་པ་དེའི་ནང་གཅིག་མཚུངས་བྱས་ནས་ལོག་ཆོག་ཆོག་ཡོད་པ་དེ་ང་ཚོ་ཆིག་སྒྲིལ་བྱེད་རྒྱུའི་ལམ་ཁ་ཆེ་ཤོས་དང་ཐབས་ལམ་བཟང་ཤོས་དེ་འདི་རེད་བསམ་གྱི་འདུག ཕྱིས་སུ་སྤང་བླང་ཞུ་མཁན་དེ་ཚོ་ལའང་སྤང་བླང་ཞུས་རྗེས་སུ་གང་གིས་དེ་ལ་ཟུར་ཟ་དང་དམའ་འབེབས་བྱེད་མཁན་གདན་ས་ཁག་སོགས་ནང་དུའང་ད་བར་བྱུང་མེད། གང་ཟག་བྱེ་བྲག་པ་མང་པོ་ད་ལྟའང་ཐེ་ཚོམ་ངང་སྡོད་མཁན་དེ་འདྲ་ཡོད་རེད། དེ་དག་གི་ག་དུས་སྤང་བླང་ཞུ་གི་ཡོད་པ་ཡིན་ནའང་དུས་ཚོད་རྒྱས་བཀག་མེད་པར་བརྟེན། འཕྱིས་འགྲོ་བ་དང་དུས་ཚོད་ཡོལ་འགྲོ་བ་དེ་འདྲ་མེད་པ་ཞིག་རེད། དེ་ང་ཚོའི་ངོས་ནས་དགོངས་པ་ཆེ་བཞེས་ཀྱིས་བཞག་ཡོད་རེད་བསམ་གྱི་འདུག
ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུང་དང་རིགས་པའི་སྒྲུབ་བྱེད་ཐོག་ནས་དོལ་རྒྱལ་བསྟེན་གསོལ་བྱས་དང་མ་བྱེད་ཀྱི་ཁེ་ཉེན་དེ་ཧ་ཅང་གསལ་པོ་བྱས་ཏེ་བཀའ་ཕེབས་ཡོད། བཀའ་ཕེབས་ཡོད་པ་དེར་བསམ་བློ་ཡོད་མཁན་གྱི་མི་གཅིག་ཡིན་ན། བསམ་བློ་གཏང་མ་ཤེས་པ་དང་། བསམ་བློ་བཏང་མི་ཐུབ་པའི་གནས་ཚུལ་མེད་པ་ཞིག་རེད། དེར་བརྟེན་ཆིག་སྒྲིལ་ཆེད་འབད་བརྩོན་གནང་དགོས་པ་དེ་དག་མ་འདང་པ་དང་ཞན་ཆ་ཡོད་པ་དེ་འདྲ་རྩ་བ་ཉིད་ནས་མིན་པ་དེ་ང་ཚོས་གསལ་པོ་བྱས་ནས་རྟོགས་ཐུབ་རྒྱུ་ཞིག་རེད། ཁ་ཤས་ཀྱི་བསམ་བློའི་ནང་དོལ་རྒྱལ་བསྟེན་གསོལ་མཚམས་འཇོོག་བྱེད་མ་ཐུབ་མཁན་དེ་ཚོ་ལའང་ཕྲན་བུ་གུ་ཡངས་བྱས་ནས་ཁོང་ཚོ་ཡང་སྤྱི་ཚོགས་ནང་ཚུར་ཡོང་རྒྱུའི་ཐབས་ལམ་ཞིག་བཟོ་དགོས་ཀྱི་རེད་དགོངས་པ་དང་། ལྷག་པར་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་། མི་བྱེད་མཁན་གཉིས་ཀྱི་དབར་ལ་འགྲིག་འཇགས་ཡོང་རྒྱུར་གོ་བསྡུར་དང་བཀའ་མོལ་གནང་རྒྱུ་དེ་འདྲ་ཡོད་དགོས་ཀྱི་རེད་བསམས་པ་དེ་འདྲ་དགོངས་མཁན་ཡོད་ས་རེད། དཔེར་ན། ཁ་སང་ཕ་གིར་བཀའ་འདྲི་གནང་མཁན་ཞིག་གིས་སྐད་ཆ་བཤད་ནས་གོ་བརྡ་སྤྲོད་རྒྱུ་ཡོད་པ་མ་རེད་དམ། ཞེས་སྔོན་མའི་དྲི་བ་ནང་དུ་འདུག་ལ་ད་ལྟའང་དྲི་བ་འདི་ཡོང་གི་ཡོད། སྤྱིར་མི་ཞིག་ཡིན་ན། སྐད་ཆ་བཤད་ནས་གོ་བརྡ་སྤྲོད་རྒྱུ་ཡོད་པ་ཞིག་དགོས་ཀྱི་རེད། ད་བར་གོ་བརྡ་མ་འཕྲོད་མཁན་གྱི་མི་དེ་ཚོ་ལ་ད་ལྟ་ང་ཚོས་འབྲེལ་བ་བྱེད་རྒྱུ་དང་གོ་བརྡ་སྤྲོད་རྒྱུའི་གནས་ཚུལ་གང་ལྷག་ཡོད་དམ་དེར་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད།
དོལ་རྒྱལ་རྗེས་འབྲང་པ་དང་བཙན་བྱོལ་སྒྲིག་འཛུགས་ལྟ་བུ་གཉིས་བར་བཀའ་མོལ་གནང་རྒྱུའི་འབད་བརྩོན་བྱེད་མཁན་ཞིག་ཡིན་ན། གྲོས་གཞི་ག་འདྲ་ཞིག་གི་ཐོག་ནས་བཀའ་མོལ་གནང་རྒྱུའི་འབད་བརྩོན་བྱེད་ཀྱི་རེད། ང་ཚོའི་ངོས་ནས་དགོས་འདུན་འདོན་རྒྱུ་དེ་ལས་སླ་པོ་དང་གསལ་པོ་རེད། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་བརྗོད་ཀྱི་ཡོད།
དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པའི་ཉིན་མོ་དེ་སུ་གང་གིས་ངོ་ཆེན་ཞུ་དགོས་རྒྱུ་ཡོད་མ་རེད། ངོ་འདྲེན་བྱ་དགོས་རྒྱུ་ཡོད་མ་རེད། ངས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་ཡིན་བརྗོད་ན། དེའི་ཉིན་མོ་དེར་ཁོ་རང་སྤྱི་ཚོགས་རྙིང་པའི་ནང་དུ་ལོག་ཤག་ཤག་རེད། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་མི་དགོས་པའི་ཐོག་ནས་ཁོ་ཚོར་ངོས་ལེན་རག་རྒྱུའི་ཐབས་ཤེས་བྱེད་རྒྱུ་ཡོད་རེད་དམ་བརྗོད་ན། དེ་ཐབས་ཤེས་བྱ་རྒྱུ་ཡོད་མ་རེད་ཅེས་ཐག་གཅོད་རྒྱུ་རེད། དེར་ཐབས་ཤེས་བྱས་ན་དོལ་རྒྱལ་བསྟེན་གསོལ་བྱས་པའི་ཉེས་དམིགས་དེ་དག་ང་ཚོས་ད་བར་བཤད་པ་དེ་དག་དོན་ལ་མ་གནས་པར་ཆགས་འགྲོ་ཡི་རེད། ཕྱིར་འཐེན་རྒྱག་དགོས་པ་ཆགས་འགྲོ་ཡི་རེད། དེའི་ཐོག་འགྲིག་འཇགས་ཡོང་རྒྱུ་དང་མཐུན་འབྲེལ་བྱ་རྒྱུ་གང་ཡང་མེད། དེར་བརྟེན་ངས་ཐོག་མར་ཞུས་པ་དེ་ག་རང་རེད། ངས་བསྡོམས་ཡང་དེའི་ཐོག་བརྒྱབ་པ་ཡིན་ནའང་འགྲིག་གི་འདུག
དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མི་བྱེད་མཁན་དེ་ཚོ་དང་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་མཁན་དེ་ཚོའི་དབར་ཆིག་སྒྲིལ་ཡོང་རྒྱུའི་ཆེད་དུ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མ་བྱེད་ནའང་འགྲིག་རྒྱུ་ཡོད་པའི་ཆག་ཡང་ཞིག་གནང་རྒྱུ་ཡོད་དམ། ཞེས་དྲིས་པ་ཡིན་ན། སྐད་ཆ་འདི་སྐོར་བ་མ་བརྒྱབ་པར་རྡོག་རྡོག་བྱས་ནས་ཁ་གསལ་པོར་ཞུས་ན། དོལ་རྒྱལ་བསྟེན་གསོལ་བྱས་པ་འདི་འགྲིག་དགོས་ཀྱི་འདུག འདི་ང་ཚོས་ཁས་ལེན་བྱེད་དགོས་ཀྱི་འདུག ཅེས་པའི་དོན་དག་འདིའི་སྒང་ལ་བབ་དགོས་ཀྱི་ཡོད། དེ་འདྲ་བྱས་ན་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བཀའ་སློབ་སྩལ་བ་དེ་དག་དོན་མེད་ཆགས་རྒྱུ་རེད། དེར་བརྟེན་ཁོང་གཉིས་དབར་ལ་ལ་ཉག་མཛོ་གཟེངས་ཀྱི་གནས་ཚུལ་ཞིག་གི་ཐོག་ནས་ཆིག་སྒྲིལ་ཡོང་རྒྱུའི་ཆེད་དུ་དོལ་རྒྱལ་རྗེས་འབྲང་པ་ཚོར་གུ་བཤང་ཞིག་སྤྲོད་དགོས་ཀྱི་འདུག་བསམས་པ་ཡིན་ན། གུ་བཤང་བྱེད་རྒྱུ་གང་ཡང་ལྷག་མེད། བྱས་དང་མི་བྱེད་ནི་དོན་ཚན་གཉིས་རང་རེད། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་ཡིན་ན། ནམ་མཁའ་གཡའ་དྭངས་ས་གཞི་རྡུལ་དག་རེད། སྐད་ཆ་ཤོད་རྒྱུ་གང་ཡང་ལྷག་མེད། མཚམས་འཇོག་མ་བྱས་པ་ཡིན་ན་མཚམས་འཇོག་བྱེད་མཁན་དང་མཉམ་དུ་ཆོས་དང་ཟང་ཟིང་མཉམ་སྤྱོད་བྱེད་རྒྱུ་དང་སྤྱི་ཚོགས་གཅིག་ནང་ཆུ་དང་འོ་མ་བཞིན་དུ་འདྲེས་ནས་སྡོད་ཐུབ་རྒྱུ་མེད་པ་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད།
དེར་བརྟེན་ཆིག་སྒྲིལ་དང་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གཉིས་པོ་འདི་གདམ་ཁ་རྒྱག་རྒྱུའི་ཅ་ལག་གཅིག་ཡིན་པ་མ་གཏོགས་དེ་གཉིས་མཉམ་དུ་འགྲོ་ཐུབ་རྒྱུའི་གནས་སྟངས་ཤིག་མེད་པ་གསལ་པོ་ཡིན་པ་འདི་ང་ཚོའི་བསམ་བློའི་ནང་དོགས་པ་རྣམ་རྟོག་མེད་པ་གསལ་པོར་མཁྱེན་དགོས། དེ་འདྲ་མ་བྱུང་བ་ཡིན་ན། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་གསལ་པོ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། ཁ་སང་དྲི་བའི་ནང་དོལ་རྒྱལ་བསྟེན་གསོལ་བ་དེ་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རྒྱུ་ཟོག་གསུམ་ཐོག་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་ཚང་མའི་ནང་རྒྱབ་སྐྱོར་བྱེད་བཞིན་ཡོད། མ་འོངས་པར་བོད་དོན་བདེན་མཐའ་གསལ་སྐབས་སྡེ་ཚན་གཉིས་ལྟ་བུ་ཆགས་ནས་ལྷག་བསྡད་པ་ཡིན་ན། བོད་པ་འདི་རྒྱ་གར་དང་པ་ཀི་སི་ཐན་བཞིན་རྒྱལ་ཁབ་གཉིས་ལ་ཁ་བྲལ་འགྲོ་རྒྱུ་མ་རེད་དམ། ཞེས་པའི་བསམ་ཚུལ་ཞིག་ཡོད། བསམ་ཚུལ་འདི་ཧ་ཅང་རྣམ་རྟོག་ཤུགས་ཆེན་པོས་སྒྲོ་བཏགས་ནས་བྱུང་བའི་ཐལ་ཆ་གཅིག་ཡིན་པ་ལས་དངོས་ཡོད་གནས་ཚུལ་ཐོག་ལ་འདི་འདྲ་ཞིག་ཡོང་རྒྱུའི་གཞི་རྩ་དང་རྒྱུ་མཚན་གཉིས་ཀ་མེད་པ་ཞིག་རེད། སྔོན་དང་པོར་བོད་ཕྱི་ནང་གཉིས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྲངས་ཇི་ཙམ་ཡོད། ཧ་ཅང་གྲངས་ཉུང་ཉུང་རེད། ངོ་རྒོལ་སྐད་འབོད་སྐབས་ཡོང་མཁན་ཁོ་པ་ཚོ་མང་ཆེ་བ་ནི་ཉིན་གླ་སྤྲད་ནས་གླས་པ་ཤ་སྟག་རེད།
བོད་ནང་དུའང་དོལ་རྒྱལ་བསྟེན་མཁན་ཉིན་རེ་བཞིན་གྲངས་ཉུང་དུ་འགྲོ་བཞིན་ཡོད། གང་ཡོད་པ་དེ་ཚོའང་སེམས་གི་གཏིང་ནས་གང་ཡང་མིན་པར་གནས་སྐབས་རང་གི་འཚོ་རྟེན་སྲུང་སྐྱོབ་དང་ལས་དོན་སྲུང་སྐྱོབ། རྐུབ་སྟེགས་སོགས་སྲུང་སྐྱོབ་བྱ༌རྒྱུ་ཁོ་ནའི་དོན་དུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡིན་མདོག་བྱེད་མཁན་མང་ཆེ་བ་རེད་མ་གཏོགས་སྙིང་ཁོང་རུས་པའི་གཏིང་ནས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ཁོ་པ་ཚོས་དུས་རྒྱུན་ཤོད་རྒྱུའི་དོལ་རྒྱལ་རྗེས་འབྲང་པ་ས་ཡ་བཞི་ཡོད་ཟེར་བ་འདི་ཚད་ལས་བརྒལ་བའི་ཧམ་པ་ཞིག་རེད་མ་གཏོགས། ས་ཡ་བཞི་བཞག་ནས་འབུམ་གཅིག་ཀྱང་ལོང་རྒྱུར་ཡང་དངོས་ཡོད་གནས་ཚུལ་ཐོག་ནས་ཧ་ཅང་དཀའ་ལས་ཁག་པོ་རེད་བསམ་དྲན་གྱི་འདུག ལར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་རྒྱབ་སྐྱོར་བྱེད་བཞིན་པ་འདི་༸གོང་ས་མཆོག་གི་དབུ་ཁྲིད་འོག་ཡོད་པའི་བོད་རིགས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་པོ་འདི་ཕན་ཚུན་དགྲ་ཟླའི་ངོ་བོར་བལྟ་བཞིན་ཡོད་པའི་གནས་སྐབས་ཀྱི་བྱེད་སྟངས་ཤིག་ཡིན་པ་ལས། ནམ་ཞིག་༸གོང་ས་མཆོག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་འགྲིག་འཇགས་བྱུང་ནས་བོད་དོན་བདེན་མཐའ་གསལ་བའི་ཉིན་མོ་ཞིག་བསླེབས་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་ནས་དོལ་རྒྱལ་ཚོགས་པར་རྒྱབ་སྐྱོར་བྱེད་ཤེས་ཀྱི་མ་རེད་ལ་རྒྱབ་སྐྱོར་བྱེད་དགོས་རྒྱུའང་མེད། ཁོ་པ་ཚོས་མངོན་འདོད་གང་ཡང་བསྒྲུབ་རྒྱུ་མེད། དེ་ཉིན་སྙིང་ཁོང་རུས་པའི་གཏིང་ནས་དོལ་རྒྱལ་སྟེན་མཁན་ག་ཚོད་ཡོད་པ་ལམ་སང་གསལ་པོ་ཆགས་རྒྱུ་རེད།
དེར་བརྟེན་འདི་ལྟ་བུའི་དོགས་པ་རྣམ་རྟོག་འདི་ཧ་ཅང་འུར་སྒྲོགས་ཤིག་རེད། བོད་པའི་གཏམ་དཔེའི་ནང། ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་ཡོང་། ཟེར་བའི་དཔེ་ལྟར་རེད། ཁོ་པ་ཚོས་ཧམ་བཤད་བྱས་པའི་འུར་སྒྲོགས་ཀྱི་རྗེས་སུ་ཕྱིན་པའི་དོགས་པ་རྣམ་རྟོག་ཅིག་ཡིན་པ་ལས་གཞི་རྩ་ཡོད་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད། ལྷག་པར་དོལ་རྒྱལ་རྗེས་འབྲང་པས་ད་ལྟའི་གནས་སྐབས་སུ་བོད་ནང་དང་རྒྱལ་སྤྱིའི་ནང་ལས་དོན་གང་དང་གང་རྩོམ་བཞིན་ཡོད་པ་དང་གང་དང་གང་བྱེད་བཞིན་ཡོད་པ་རྣམས་ལ་བདེན་པའི་གཞི་རྩ་དང་དངོས་དོན་གྱི་གནས་ཚུལ་དང་མ་མཐུན་པ་ཤ་སྟག་ཡིན་པ་མ་གཏོགས་དངོས་ཡོད་གནས་ཚུལ་དང་མཐུན་པ་གཅིག་ཀྱང་མེད། ཁོ་པ་ཚོས་དྲིལ་བསྒྲགས་སྐད་འབོད་ཆེ་ཤོས་དེ་ཁོ་པ་ཚོའི་ཆོས་དད་རང་དབང་འཕྲོག་སོང་བཤད་རྒྱུ་དེ་རེད། དེ་ནི་ངས་ད་ལྟ་ཆོས་དད་རང་དབང་འཕྲོག་མེད་པ་གོང་དུ་རྒྱས་ཤིང་རྒྱས་པ་ཞུས་ཟིན། ཁོ་པ་ཚོར་དྲང་བདེན་མིན་པའི་དབྱེ་འབྱེད་བྱེད་ཚུལ་ཟེར་བ་དེ་རེད། དེ་འདྲ་མིན་པ་ངས་གསལ་བཤད་ཆ་ཚང་ཞུས་ཟིན་པ་ཡིན། ཁོ་རང་ཚོར་སྤྱི་ཚོགས་ནང་མཉམ་སྡོད་བྱེད་རྒྱུའི་འདོད་པ་ཡོད་ན་དེའི་སྒོ་ག་དུས་ཡིན་རུང་ཕྱེ་ནས་བཞག་ཡོད་པ་དེ། སྤྱི་དང་སྒེར། སྒྲིག་འཛུགས་དང་ཚོགས་པ་གང་གི་ངོས་ནས་སྒོ་ཕྱེ་ནས་ཡོད་པ་ངས་གསལ་པོར་ཞུས་པ་ཡིན།
མ་འོངས་པར་ཁོ་པ་ཚོས་བོད་དེ་དུམ་བུ་གཉིས་ལ་བགོས་ནས་ལོགས་སུ་ཕྱེ་ནས་འགྲོ་ཐུབ་ཀྱི་མེད་པ་དེ་ཟུར་བལྟས་ལེབ་མཐོང་རེད། དེ་སུ་ཡིན་རུང་དཔོག་ཐུབ་པ་ཞིག་རེད། དེར་བརྟེན་ང་ཚོའི་བསམ་བློའི་ནང་གོང་དུ་ཞུས་པའི་དོགས་པ་རྣམ་རྟོག་དེ་དག་གཅིག་ཀྱང་མེད་པར་གཙང་མ་བཞག་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི་འདུག གཙང་མ་བཞག་དགོས་ཀྱི་རེད་བརྗོད་རྒྱུ་དེ་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་ཐོག་ནས་ཞུ་ཡི་ཡོད་པ་རེད་མ་གཏོགས། དེ་ང་ཚོའི་ཕྱོགས་ཡིན་པར་བརྟེན་གཙང་མ་བཞག་དགོས་པ་དང་། ཁོ་པ་ཚོའི་ཕྱོགས་ཡིན་པར་བརྟེན་སྐྱོན་བརྗོད་བྱེད་དགོས་རེད་ཅེས་དབྱེ་འབྱེད་བྱས་ནས་ཞུས་པ་ཞིག་མིན། དོན་ཚན་རེ་རེ་བཞིན་ང་ཚོས་རྒྱུ་མཚན་དང་མཐུན་པ། ཁྲིམས་དང་མཐུན་པ་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཞིབ་ཚགས་པོར་ཞིབ་འཇུག་བྱས་ནས་ཕེབས་ན་སུ་ཡིན་རུང་ར་འཕྲོད་ཐུབ་པ་ཞིག་རེད། ཞིབ་འཇུག་བྱེད་རྒྱུའི་འདོད་པ་མེད་པ་སྣོད་དྲི་མ་ཅན་ཞིག་ཡིན་ན་བྱེད་རྒྱུ་གང་ཡང་མེད།
དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཤིག་གིས་ད་ལྟའི་བྱེད་སྟངས་འདི་རྒྱུ་མཚན་དང་རིགས་པ། དངོས་ཡོད་ཀྱི་གནས་སྟངས་ཁས་ལེན་གྱི་མིན་ང་རང་ཚོས་བརྗོད་རྒྱུ་དེ་ག་རང་ཡིན་ཟེར་ན་འདི་ལྐུགས་པའི་ཨུ་ཚུགས་ལྟ་བུ་ཞིག་རེད། དེར་བརྟེན་དེར་ཁ་གཏད་གཅོག་རྒྱུ་ཧ་ཅང་ཁག་པོ་རེད། ཁོ་པ་ཚོ་བཏང་སྙོམས་ལ་འཇོག་རྒྱུ་རེད་མ་གཏོགས། དེ་ལྟར་བཞག་པའི་རྒྱུ་མཚན་གྱིས་བོད་མིའི་སྤྱི་ཚོགས་ནང་ནས་ཁ་ཤས་ཟུར་དུ་ཐོན་ནའང་། ཟུར་དུ་ཐོན་པའི་དབང་གིས་བོད་པའི་རྩ་དོན་དང་ཕུགས་དོན་གཉིས་ཀར་ཁེ་ཕན་ཆེ་བ་ཡོད་པ་རེད་མ་གཏོགས། ཁོ་པ་ཚོ་ཚུར་མཉམ་རུབ་བྱས་ནས་ཁེ་ཕན་ཆེ་བ་མེད་མ་ཟད། ཁོ་པ་ཚོས་ཚུར་མཉམ་རུབ་བྱས་ན་དེའི་རྗེས་འབྲས་གྱི་འཕྲལ་ཕུགས་རྒྱང་གསུམ་ལ་གནོད་ཚབས་ཆེན་པོ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་ངས་ཚིག་ཐག་ཆོད་པོའི་ཐོག་ནས་ཞུ་ཐུབ་རྒྱུ་ཞིག་རེད། དུས་ཚོད་རེའུ་མིག་གཞིར་བཟུང་བྱས་ན་ངས་ཞུ་རྒྱུའི་དུས་ཚོད་རྫོགས་པ་རེད། ངས་འདིར་མཚམས་བཞག་གི་ཡིན། དུས་ཚོད་ལྷག་མ་དེར་ཁྱེད་རང་ཚོས་དོགས་གཅོད་དང་དྲི་བ་ཡོད་ན་འཛེམ་ཟོན་མེད་པར་གསུངས་རོགས། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་གྲུབ་མཚམས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད།།