༢༠༡༤ ཟླ་ ༨ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ ཉིན་ཆེས་མཐོའི་ཁྲིམས་ཁང་ནས་གོ་སྒྲིག་འོག་ཁྲིམས་འཛིན་ལྷན་ཚོགས་ཐེངས་བཞི་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་འགོ་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༤ པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་པའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་དང་། ཕྱག་རོགས་ཁྲིམས་ཞིབ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་གི་གཙོས་པའི་ས་གནས་ཁྲིམས་ཞིབ་པ་རྣམ་པ། ས་གནས་ཁྲིམས་དྲུང་རྣམ་པ། གསར་འགོད་པ་རྣམ་པ། ལས་བྱེད་རྣམ་པ་ཚང་མར་ང་རང་སྒེར་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༤ པ་འདི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༦༦ དང་ ༦༧ དགོངས་དོན་སྐོང་ཚོགས་གནང་གི་ཡོད་པ་དང་། ཁྲིམས་ཡིག་དགོངས་དོན་ཁྲིམས་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་ནི་བོད་མིའི་ཁྲིམས་ཞིབ་པ་རྣམ་པ་དང་། བཤེས་དཔང་བཅས་ཡིན་ནའང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་རིམ་པའི་ནང་བཤེར་དཔང་བསྐོ་གཞག་གནང་མེད་སྟབས། ཁྲིམས་དོན་དང་འཛིན་སྐྱོང་གི་ལས་ཀའི་ངོ་བོ་དང་། སྐབས་བབ་གནས་སྟངས་དགོས་མཁོའི་ཆ་ནས་ད་ལན་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་རྣམས་ལྷན་ཚོགས་སུ་མཉམ་ཞུགས་ཀྱི་གོ་སྐབས་སྤྲད་ཡོད། ཁྲིམས་འཛིན་ལྷན་ཚོགས་ཀྱི་བྱེད་སྒོ་ནི། རྩ་འཛིན་ཁྲིམས་ཡིག་དགོངས་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དོན་དང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཡར་རྒྱས་ཚགས་ཚུད་ཡོང་ཐབས་དང་། དེ་དག་ལ་སྨན་པའི་ཐབས་ལམ་གསར་གཏོད། ཁྱབ་ཁོངས་སོ་སོའི་མང་ཚོགས་ཀྱི་དགོས་མཁོ་ཁྲིམས་ཀྱི་དབང་སྒྱུར་གྱི་ནུས་པ་སྲ་བརྟན་ཡོང་ཐབས་བཅས་ཐོག་ཚོགས་བཅར་བ་རྣམ་པས་དགོངས་ཚུལ་གསུང་དགོས་ཀྱི་ཡོད་སྟབས། ཚོགས་འདུའི་གྲོས་གཞི་དོན་ཚན་ ༤ ཅན་ཟླ་བ་ ༢ གོང་ཁོངས་སོ་སོར་ཕུལ་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༤ ནས་ ༦ བར་ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༢ པ་སྐོང་ཚོགས་གནང་བའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་ཞབས་སོར་བཀའ་དྲིན་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་བྱིན་ཅན་ཕེབས་ཁོངས་སུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ཀྱི་དབང་སྒྱུར་གལ་ཆེ་ཡིན། ལྷག་པར་དུ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དེ་ས་གནས་འགོ་འཛིན་ནས་གཅིག་ལྕོགས་བྱ་དགོས་པ་དེ་ཏག་ཏག་ཅིག་འགྲིག་གི་ཡོད་དམ། གཞིས་མི་ཞིག་གིས་ས་གནས་འགོ་འཛིན་ལ་ཁྲིམས་གཏུག་བྱ་དགོས་བྱུང་ཚེ་དེ་ཕལ་ཆེར་ཁག་པོ་མིན་འགྲོ་ཞེས་ཕེབས་ཡོད། ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༣ དེ་ཕྱི་ལོ་ ༢༠༠༥།༡༡།༢༡ ནས་ ༢༢ བར་བསྐོང་ཚོགས་གནང་བ་དང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས། ས་གནས་སོ་སོའི་འགོ་འཛིན་ལ་ས་གནས་ཁྲིམས་ཞིབ་པའི་ལས་འགན་གཅིག་ལྕོགས་གནང་བ་དེ་འཕྲལ་སེལ་འགྲོ་སོང་བསྲི་ཚགས་ཙམ་ལས་དོན་དུ་ལས་གཞི་དེ་ཕུན་སུམ་ཚོགས་པ་ཞིག་ཆགས་ཀྱི་ཡོད་མ་རེད་ཅེས་བཀའ་ཤག་གི་དགོངས་ཚུལ་གསལ་པོ་བཀའ་གནང་ཡོད།
ཚོགས་འདུ་དེ་རིགས་ཀྱི་འགྲོ་ལུགས་ལྟར་ཚོགས་འདུ་སྔོན་མའི་སྐབས་ཀྱི་གྲོས་ཆོད་ཡིནའང་རེད། བསམ་འཆར་ཡིན་ནའང་རེད། ཡིག་ཐོག་ཏུ་གང་བཞག་ཡོད་པ་དེ་དག་དགོས་ངེས་ཀྱིས་འབྲེལ་ཆགས་སོ་སོས་མཇུག་སྐྱོང་བྱ་དགོས་པ་དང་། མཇུག་སྐྱོང་གི་གནང་སྟངས་ཇི་ཡིན་ཚོགས་འདུ་རྗེས་མའི་ཚོགས་བཅར་བ་ཚོར་མཁྱེན་པ་བཟོ་དགོས་རྒྱུ་ཚོགས་འདུ་གོ་སྒྲིག་བྱེད་མཁན་གྱི་ལས་འགན་གལ་ཆེ་ཞིག་ཡིནའང་། དེ་སྔ་ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༣ པའི་སྐབས་ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༢ པའི་བསམ་འཆར་ཕྱོགས་བསྡོམས་ཀྱི་མཇུག་སྐྱོང་ཇི་བྱས་ཚོགས་ཐོག་ཏུ་གསལ་བཤད་གནང་མེད་སྟབས། ད་ལན་ཁྲིམས་འཛིན་ལྷན་ཚོགས་ ༢ པ་དང་ ༣ པ་གཉིས་ཀྱི་བསམ་འཆར་ཁག་ལག་བསྟར་མཇུག་སྐྱོང་གི་ཕྱོགས་བསྡོམས་སྙན་ཐོ་ཤོག་ངོས་ ༦ ཅན་དེ་རིང་ཚོགས་ཐུན་དང་པོའི་ཐོག་གསལ་བཤད་ཞུ་རྒྱུ་ཡིན་པ་དང་། རྣམ་པ་ཚོའི་ཡིག་སྣོད་དུ་ཡིག་ཆ་དེ་ཕུལ་ཡོད། དགོངས་འཆར་དེ་དག་ཁོངས་ནས་གནད་དོན་ཁག་ཅིག་ཚོགས་འདུའི་གྲོས་གཞིའི་ནང་དུའང་གསལ་ཡོད།
ཁྲིམས་དོན།
༡༽ ཕྱི་ལོ་ ༢༠༠༩།༢༠༡༠ སོ་སོར་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ཀ་རྡོར་སྒང་གསུམ་དང། ཨོ་རི་ས་ཕུན་ཚོགས་གླིང་། ཁྲིམས་ཞིབ་ཚེ་རིང་དོན་གྲུབ་ལགས་བྷན་ད་ར་ནོར་རྒྱས་གླིང་དང་མན་པར་ཕན་བདེ་གླིང་བཅས་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་གནང་བ་དང་། དེ་བཞིན་ས་གནས་སོ་སོའི་ས་གནས་གཅིག་ལྕོགས་ཁྲིམས་ཞིབ་ཁང་གི་གནས་སྟངས་ལ་ཞིབ་འཇུག་དང་ལམ་སྟོན་གནང་ཡོད།
༢༽ ཕྱི་ལོ་ ༢༠༡༢ ལོར་ཕྲན་ཁྲིམས་ཞིབ་པ་ཆེ་བ་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨ་རུ་ན་ཅལ་དང་། མེ་གྷ་ལ་ཡ། ན་གྷ་ལེནཌ་བཅས་མངའ་ཁུལ་དུ་གནས་སྡོད་བོད་གཞིས་ཆགས་དང་ཁ་འཐོར་འདུ་སྡོད་ཁག་གི་སེར་སྐྱ་མི་མང་ལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ་དང་ཆབས་ཅིག་ས་གནས་སོ་སོའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ཡོད།
༣༽ ཕྱི་ལོ་ ༢༠༡༣ ལོར་ལྷོ་ཕྱོགས་ཀར་ཀྲ་ཀ་མངའ་ཁུལ་དུ་རྟེན་གཞི་བྱས་པའི་གཞིས་ཆགས་ཁག་ལྔར་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་དང་ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་ལགས་རྣམ་གཉིས་ས་བགོས་ཀྱིས་གཞིས་ཆགས་སོ་སོའི་སེར་སྐྱ་མང་ཚོགས་ལ་བོད་མིའི་ཁྲིམས་གོ་རྟོགས་སྤེལ་གནང་ཡོད།
༤༽ འདས་པའི་ཉམས་མྱོང་གི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མང་ཚོགས་ཁྲིམས་ལུགས་གོ་རྟོགས་རྒྱ་སྤེལ་རྒྱུའི་འཆར་གཞི་དང་འགྲོ་སོང་ཕོན་ཆེ་བཏང་བ་ལས། རྒྱ་གར་དང་བལ་ཡུལ་ཁུལ་གཞིས་ཆགས་དང་ཁ་འཐོར་འདུ་སྡོད་ཁག་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་གང་མང་སྐྱེད་སྲིང་ཐུབ་ན། ས་གནས་སོ་སོར་ཁ་མཆུ་ཞུ་གཏུག་དང་། རྒྱུན་དུ་མང་ཚོགས་ཁྲོད་ནས་བོད་མིའི་ཁྲིམས་ལུགས་ཀྱི་སྐོར་ལམ་སྟོན་ཞུ་ས་ཡོད་པ་བཅས་ཀྱི་བརྒྱུད་ལམ་ནས་ཁྲིམས་ཀྱིས་དབང་སྒྱུར་གྱི་ནུས་པ་རང་བཞིན་འཕེལ་རྒྱས་སུ་འགྲོ་བའི་དགེ་མཚན་ཆེ་བར་མངོན་ཏེ།
ཕྱི་ལོ་ ༢༠༠༩ ཟླ་ ༡༠ ནང་ཕྱི་ལོ་ ༡༩༩༨ ལོར་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་དང་པོའི་ཁོངས་ནས་རྒྱ་བལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་ཁྲིམས་རྩོད་པའི་ལག་ཁྱེར་ཡོད་མཁན་མི་གྲངས་ ༨ མ་གཏོགས་མེད་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༤ བར་ལོ་ངོ་ ༥ རིང་བོད་མིའི་ཁྲིམས་རྩོད་པ་སྦྱོར་བརྡར་ཐེངས་ ༦ གོ་སྒྲིག་ཞུས་ཏེ། ད་ཆ་རྒྱ་གར་དང་། བལ་ཡུལ་བོད་མིའི་གཞིས་ཆགས་དང། དབུས་བོད་མའི་སྒྲིག་འཛུགས་ཀྱི་ལས་བྱེད། སློབ་གྲྭ་ཁག་གི་དགེ་ལས་བཅས་བཙན་བྱོལ་བོད་མའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ཁྱོན་བསྡོམས་གྲངས་ ༡༥༦ ཡོད་པ་དང་། དེ་དག་གི་ཁྲོད་གང་མཚམས་ཤིག་ལ་ཁྲིམས་རྩོད་པའི་བསྐྱར་སྦྱོང་གི་གོ་སྐབས་ཀྱང་གནང་ཐུབ་པ་བྱུང་ཡོད།
༥༽ ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༢ པའི་ཐོག་སྩལ་བའི་བཀའ་སློན་རིན་པོ་ཆེ་དང་། ཁྲིམས་འཛིན་ལྷན་ཚོགས་ཐེངས་ ༣ པའི་ཐོག་བཀའ་ཤག་གི་དགོངས་འཆར། དེ་བཞིན་འདས་པའི་ཉམས་མྱོང་གི་ཆ་ནས་ས་གནས་འགོ་འཛིན་རྣམ་པར་ས་གནས་ཁྲིམས་ཞིབ་པའི་ལས་འགན་གཅིག་ལྕོགས་བསྐུར་བ་དེ་ས་གནས་སོ་སོར་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་འོག་མའི་དགོས་དམིགས་ཕན་ཐོགས་ཡོད་པ་ཞིག་སྒྲུབ་ཐུབ་ཀྱི་མེད་པ་གསལ་པོ་ཆགས་སྟབས། རྒྱ་གར་ནང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཡོངས་རྫོགས་ཕྱིར་བསྡུ་བྱས་ཏེ། སྔ་འཕྲོས་ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་ ༤ ནས་ ༢ གསར་འཛུགས་དང་། བལ་ཡུལ་ནང་སྔ་འཕྲོས་ཆབ་སྲིད་གནས་སྟངས་ཀྱི་ཆ་ནས་འོས་འཚམས་མཆིས་ཚེ། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ ༤ ཕྱིར་བསྡུ་བྱས་ཏེ། ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་ ༢ ནས་ ༡ བཅས་གང་མགྱོགས་འཛུགས་འཆར་སྐོར་ཕྱི་ལོ་ ༢༠༡༠།༡༠།༥ ཉིན་བཀའ་ཤག་ལ་ཕྱག་བྲིས་ཕུལ་ཏེ་ཞབས་སྐུལ་ཞུས་པ་བཞིན།
ཕྱི་ལོ་ ༢༠༡༢ ལོར་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། ཕྱི་ལོ་ ༢༠༡༣ ལོར་ར་སྦང་ཀུན་ཕན་གླིང་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་བཅས་གསར་བཙུགས་ཀྱིས་རྒྱ་གར་ནང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཆ་ཚང་ཕྱིར་བསྡུ་བྱེད་ཐུབ་པ་བྱུང་ཡོད། འོན་ཀྱང་བལ་ཡུལ་ཁུལ་དུ་ཆབས་སྲིད་གནས་སྟངས་ཀྱི་ཆ་ནས་བཀའ་ཤག་གི་དགོངས་འཆར་ལྟར་གནས་སྐབས་རིང་ད་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ ༤ མུ་མཐུད་བཞག་དགོས་བྱུང་བ་དང།
༦༽ ཕྱི་ལོ་ ༢༠༡༢།༡༠།༡༩ འཁོད་པའི་བཀོད་ཁྱབ་དགོངས་དོན། རྒྱལ་བལ་འབྲུག་གསུམ་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་དང་ཁ་འཐོར་འདུ་སྡོད་ཁག་ཆ་ཚང་ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་བཞིའི་ས་ཁོངས་ཁྱབ་ཚད་སྒྱུར་བཅོས་གསལ་བསྒྲགས་གནང་ཡོད།
༧༽ ཕྱི་ལོ་ ༢༠༡༢།༡༡།༢༡ འཁོད་པའི་བཀོད་ཁྱབ་དགོངས་དོན་ཟུར་བཙུགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཁག་གི་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་བཀོད་སྒྲིག་གི་རྩ་འཛིན་ལམ་སྟོན་གནང་ཡོད། དེ་ཡང་(༡) བྱང་ཕྱོགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༡༡ དང་། (༢) ལྷོ་ཕྱོགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༤། (༣) ལ་དྭགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༢། (༤) ཤར་ཕྱོགས་ས་ཁྲིམས་འོག་འཕྲལ་སེལ་ཞུ་གཏུག་བྱ་ཡུལ་ས་ཁག་ ༧། དེ་བཞིན་ཁྱབ་ཁོངས་སོ་སོའི་ཁ་འཐོར་འདུ་སྡོད་ཁག་ཏུ་ས་འགོ་ལས་ཁུངས་ཀྱི་མཐུན་འགྱུར་དང་སྟབས་བསྟུན་གྱིས་བྱ་རྒྱུ།
༨༽ ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་ལོ་ལྟར་ཁྲིམས་ལུགས་གོ་རྟོགས་སྤེལ་དང་སྤེལ་མུས་ཡིན་པ་དུས་ནས་དུས་སུ་གཞུང་འབྲེལ་གསལ་ལམ་ཁག་ནང་གསལ་བསྒྲགས་ཐོན་བཞིན་ཡོད།
༩༽ ཁ་མཆུ་ཞུ་གཏུག་དང་འབྲེལ་བའི་ཁྲིམས་ཡིག་དགོངས་དོན་བྱ་རིམ་ལག་བསྟར་བྱེད་ཕྱོགས་ཁ་གསལ་གོ་བདེའི་ལམ་སྟོན་ཞིག་ཕྱི་ལོ་ ༢༠༡༣།༢།༥ འཁོད་པ་ཞིག་བལ་ཡུལ་ཁུལ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་སོ་སོར་བཏང་ཡོད་པས། ཕན་ཐོགས་བྱུང་ཡོད་པའི་རེ་བ་ཡོད།
༡༠༽ ས་གནས་ཁྲིམས་ཞིབ་ཁང་ཁོངས་ནས་ཁ་མཆུ་ཞུ་གཏུག་བྱ་མཁན་མང་ཤོས་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་ཆགས་ཡོད། ད་བར་ཁ་མཆུ་གྲངས་ ༨ ཙམ་བྱུང་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་ཁྲིམས་ཁང་སོ་སོར་ཁ་མཆུ་ཞུ་གཏུག་གི་བྱ་རིམ་མྱུར་ཚད་ཟླ་བ་ ༣ ཙམ་དང་། མང་མཐར་ཟླ་བ་ ༦ ནང་ཐག་གཅོད་ཐུབ་པའི་འབད་བརྩོན་ཞུ་དགོས་པའི་ལམ་སྟོན་བཀོད་མངགས་གནང་ཡོད།
༡༡༽ ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་གཏུག་བྱུང་བར་ཟླ་ ༣ དང་ཉིན་ ༢༠ ནང་ཐག་གཅོད་ཐུབ་པ་བྱུང་ཡོད། དེ་ཡང་ཉིན་གྲངས་ ༩ ནང་ཐོག་མའི་ཉན་ཞིབ་དང་ཞིབ་གཅོད་ཉིན་ཞིབ་གྲངས་ ༡༦ དང་། བཅད་ཁྲ་ཁྱབ་བསྒྲགས་ཀྱི་ཉན་ཞིབ་ཐེངས་ ༡ བཅས་ཉིན་གྲངས་ ༡༠ ནང་ཉན་ཞིབ་གྲངས་ ༡༧ བྱས་ཡོད་པ་དེ་ད་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུའི་བྱ་རིམ་མགྱོགས་ཤོས་དེ་ཆགས་ཡོད།
༡༢༽ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་དེབ་གསུམ་ལ་དགོས་ངེས་བསྐྱར་བཅོས་སྔ་རྗེས་རིམ་པ་བྱས་ཏེ་ཕྱོགས་སྒྲིག་གིས་དེབ་གཟུགས་དཔར་སྐྲུན་བྱ་ཐུབ་པ་བྱུང་ཡོད། རྩ་འཛིན་ཁྲིམས་ཡིག་དེ་དག་བསྐྱར་བཅོས་ཞུ་སྐབས་ཡུལ་ཁྲིམས་དང་མི་བརྒལ་བ་ཡོང་ཐབས་སུ་འབྲེལ་ཡོད་ཡུལ་ཁྲིམས་ཁྱད་མཁས་སློབ་སྟོན་པར་བཀའ་འདྲི་ལམ་སྟོན་སྔ་རྗེས་ཞུས་པ་ཡིན།
སྤྱིར་མང་གཙོའི་ལམ་ལུགས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཁག་གི་འགྲོ་སྟངས་ལྟར་ན་ཆེས་མཐོའི་ཁྲིམས་ཁང་ནས་ཁྲིམས་ཁང་རིམ་པའི་བྱ་རིམ་འགྲོ་ལུགས་སྒྲིག་གཞི་བཟོ་ཆོག་པ་ལས་ཁྲིམས་ཡིག་ (law) བཟོ་ཆོག་པའི་འགན་དབང་རྩ་ཁྲིམས་སུ་གནང་བ་མེད་སྟབས། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གྲོས་ཚོགས་ནས་ཟུར་དུ་ཁྲིམས་ཡིག་གཏན་འབེབས་མ་གནང་བར་ཞེས་གསལ་པོ་འཁོད་པ་དེ་དག་དང་། ཆད་འགེལ་སོགས་དེ་བཞིན་ཁྲིམས་ཡིག་འགའ་གྲོས་ཚོགས་ནས་བཟོ་འགོད་གཏན་འབེབས་གནང་གལ་ཆེ་སྟབས། རིམ་བཞིན་གྲོས་ཚོགས་སུ་ཁྲིམས་འཆར་འབུལ་རྒྱུའི་ལས་རིམ་གོ་སྒྲིག་ཞུ་བཞིན་པ་ཡིན།
འཛིན་སྐྱོང་།
༡༽ སྤྱི་ཡོངས་ཀྱི་ཆ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ས་གནས་ཁྲིམས་ཞིབ་ཁང་སོ་སོའི་འཛིན་སྐྱོང་གནས་སྟངས་བར་ལམ་ནས་ཡར་རྒྱས་གང་ལེགས་ཕྱིན་ཡོད་པ་དང་། ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དངུལ་རྩིས་དང་། ཡིག་ཆ་བདག་གཉེར་དང་འབྲེལ་བའི་སྟངས་འཛིན། དཔེ་མཛོད་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ། དེབ་རིགས་སྒྲིག་གཤོམ་དང་དཀར་ཆག་བསྐྱར་བཅོས། ལོ་རེའི་ལས་འཆར་གོ་སྒྲིག ལས་ཤོག་དང་ལས་དམ། དགོངས་ཤོག་འབུལ་སྟངས། ས་གནས་ཁྲིམས་ཞིབ་པ་རྣམ་པ་ས་གནས་སོ་སོར་མཛད་སྒོ་ཁག་ཏུ་བཅར་ཞུགས་བྱེད་ཕྱོགས། གསང་སྙན་འགོད་འབུལ་གྱིས་མཚོན་ས་གནས་ཁྲིམས་ཞིབ་ཁང་སོ་སོར་འཛིན་སྐྱོང་ཡར་རྒྱས་ཚགས་ཚུད་ལ་སྨན་པའི་དུས་ནས་དུས་སུ་ལམ་སྟོན་བཀོད་ཁྱབ། ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཟླ་དྲུག་དང་། ལོ་འཁོར་ལས་བསྡོམས་ལ་ཞིབ་འཇུག་དང་འབྲེལ་དགེ་འདོན་སྐྱོན་སེལ་གྱི་ལམ་སྟོན་སོགས་བྱེད་མུས་སུ་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁང་ཁུངས་འཕར་མ་ཞུ་ཐོབ་བྱུང་བ་ཁག་ལ་དགོས་ངེས་བཟོ་བཅོས་དང་འབྲེལ་བེད་སྤྱོད་བཀོད་སྒྲིག་ཐོག སྲོང་བཙན་ཚོམས་ཆེན་རྒྱ་བསྐྱེད་དང་འབྲེལ་དགོས་ངེས་ཀྱི་འཛིན་ཆས་རྣམས་མཁོ་གྲུབ་གང་ལེགས་བྱེད་ཐུབ་པ་བྱུང་ཡོད། (ཨ་རི་ནིའུ་གཡོག་ཏུ་བཅའ་བཞུགས་སྐུ་ཞབས་བཀྲིས་རབ་བརྟེན་ལགས་ནས་རོགས་རམ་ཧིན་སྒོར་ ༩༦༧༢༠།༠༠)
༢༽ ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ལས་ཁུངས་དང་། ལས་ཤག གཏུག་བཤེར་ཁང་བཅས་ཀྱི་དགོས་མཁོ་འཛིན་ཆ་དང་། གཞན་ཡང་དགོས་ངེས་ཀྱི་མཐུན་རྐྱེན་གང་ལེགས་གོ་སྒྲིག་དང་འབྲེལ་ཁུངས་སོ་སོ་ནས་རྒྱུན་དུ་སྤྱི་རྫས་ལ་བདག་གཅེས་སྟངས་འཛིན་དགོས་པའི་ལམ་སྟོན་མུ་མཐུད་བྱས་ཡོད།
༣༽ བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཞིབ་པ་རྣམས་དེང་དུས་ཀྱི་ཡུལ་ཁྲིམས་མཐོ་སློབ་ཐོན་པའི་ཁྲིམས་ལུགས་རིག་པ་བ་གང་མང་ཡོང་ཐབས་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་བོད་མི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདྲ་འཛུགས་ཐུབ་ཚེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ཡུལ་མི་ཉམ་ཐག་རྣམས་ལ་ཕན་གྲོགས་བྱ་རྒྱུ་དགེ་མཚན་ཡོད་པའི་སྐོར་ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༦ ཉིན་ཕྲན་ཁྲིམས་ཞིབ་པའི་དམ་འབུལ་སྐབས་བཀའ་སློབ་ཕེབས་པ་སྙིང་དབུས་སུ་བཅངས་ཏེ། ཕྱི་ལོ་ ༢༠༡༠ ཙམ་ནས་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་མི་ཁྲིམས་ཀྱི་མཐོ་སློབ་ཐོན་ཟིན་པ་དང་སློབ་སྦྱོང་བྱེད་བཞིན་པ་ཇི་ཡོད་བརྒྱུད་ལམ་འདྲ་མིན་ནས་ཐབས་ཤེས་བྱས་ཏེ། རྒྱ་གར་ནང་ཁྲིམས་ཀྱི་མཐོ་སློབ་ཐོན་ཟིན་པ་དང་སློབ་ཕྲུག་བཅས་གྲངས་ ༥༥ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ ༦ ནང་གྲངས ༤༣ བརྩད་འཚོལ་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༦ པའི་ནང་འདི་གར་ཁྲིམས་ལུགས་རིགས་པ་བའི་ལྷན་ཚོགས་ཐེངས་དང་པོ་གོ་སྒྲིག་དང་འབྲེལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་བཙུགས་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༣ ཉིན་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་ཐུབ་པ་བྱུང་འདུག་པས་མ་འོངས་པར་བཙན་བྱོལ་སྤྱི་ཚོགས་དང་། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་། བོད་དོན་བདེན་མཐའི་འཐབ་རྩོད་བཅས་ལ་ཕན་ཐོགས་ཅི་ཆེ་ཡོང་བའི་རེ་བ་ཡོད།
༤༽ ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཁྱབ་ཁྲིམས་དྲུང་གི་དཀའ་ངལ་རིམ་འཕྲད་ལ་བརྟེན་འདས་པའི་ལོ་ངོ་ ༥ ནང་སྤྱི་ཁྱབ་ཁྲིམས་དྲུང་མེད་པར་སྔ་རྗེས་ཟླ་བ་ ༨ དང་ཉིན་གྲངས་ ༢༨ རིང་གནས་དགོས་བྱུང་ཡོད་ནའང་། ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་དོན་དང་། འཛིན་སྐྱོང་། ལས་འཆར་ཁག་འཐུས་ཤོར་སྤུ་ཙམ་མེད་པར་གང་ལེགས་གྲུབ་ཐུབ་པ་བྱུང་བ་ནི་སྐབས་དེ་དག་གི་དབུས་སའི་ལས་ཀྱི་སྣེ་མོ་བ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་འབད་བརྩོན་ཧུར་བསྐྱེད་བྱས་པའི་འབྲས་བུ་བཟང་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ད་ལྟའི་ཆར་སྤྱི་ཁྱབ་ཁྲིམས་དྲུང་གི་གཙོས་པའིི་དབུས་ས་གཉིས་ཀྱི་ལས་ཀྱི་སྣི་མོ་བ་ཚང་མ་རྒྱལ་ཞེན་ལྷག་བསམ་ཅན་ཤ་སྟག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད།
༥༽ ཉེ་བའི་ཆར་ས་གནས་ཁྲིམས་ཞིབ་པ་རྣམ་པ་སྒྲིག་མཐུན་ཡིག་རྒྱུགས་ཀྱི་ལམ་ནས་ཤེས་ཡོན་ལྡན་པ་བསྐོ་གཞག་ཐུབ་པ་བྱུང་ཡོད་པ་མ་ཟད། དེའི་ཁོངས་ནས་ཁྲིམས་ལུགས་རིག་པ་བ་གཉིས་བསྐོ་གཞག་བྱས་ཡོད། ཕྱོགས་མཚུངས་སྲི་ཞུ་བ་དྲུང་གཞོན་གྱི་ཤེས་ཚད་ལྡན་པའི་ས་གནས་ཁྲིམས་དྲུང་ ༤ སྒྲིག་མཐུན་ཡིག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་བྱས་ཡོད།
༦༽ བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གནས་སྟངས་རྒྱ་ཆེ་མང་ཚོགས་ནས་གསལ་པོ་གོ་རྟོགས་ཐུབ་ཐབས་སུ་ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་འཛིན་དྲ་རྒྱ་གསར་དུ་དབུ་འབྱེད་ཞུས་པར། དྲ་རྒྱ་དེའི་ནང་ཁྲིམས་ཞིབ་ཁང་རིམ་པའི་རྩ་འཛིན་ཁྲིམས་ཡིག་ཁག་དང་། སྔ་འཕྲོས་གློག་རྡུལ་དུས་དེབ་ནང་བོད་མིའི་ཁྲིམས་ལུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ཡུལ་ཁྲིམས་སྐོར་རྩ་འགྲེལ་སྙིང་བསྡུས་རིམ་བཞིན་འདོན་སྤེལ་ཞུ་འཆར་དང་། རྗེས་ལོ་ནས་བཟུང་ལོ་རེའི་ནང་ཁྲིམས་ལུགས་དུས་དེབ་འདོན་ཐེངས་གསུམ་མམ་བཞི་དཔར་སྐྲུན་འདོན་སྤེལ་ཞུ་འཆར་ཡོད། ད་ལྟ་འགྲོ་བཞིན་པའི་རྒྱ་གར་གྱི་རྩ་ཁྲིམས་བོད་སྒྱུར་གྱི་ལས་གཞི་མུ་མཐུད་མཇུག་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད།
༧༽ འདི་ལོའི་ལོ་མཇུག་ཙམ་ལ་བལ་ཡུལ་སྤོག་ར་ས་གནས་སུ་བལ་ཡུལ་ཁུལ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བཅས་ལ་ཉིན་ ༧ རིང་བོད་མིའི་ཁྲིམས་ལུགས་ཀྱི་སྦྱོང་བརྡར་ཞིག་སྤྲོད་རྒྱུའི་ལས་འཆར་གཏན་འཁེལ་ཡོད།
༨༽ ཁྲིམས་འཛིན་ལྷན་ཚོགས་འདིའི་ཐོག་དགོངས་ཚུལ་ཐབས་ལམ་ཟུང་འབྲེལ་ལྷུག་པོ་དང་སྤུས་དག་ཡོང་རེར་དམིགས་ཏེ། གྲོས་གཞི་དོན་ཚན་ ༤ ཅན་ཞིག་ཟླ་བ་གཉིས་སྔོན་ཚོགས་བཅར་བ་སོ་སོར་ཕུལ་ཡོད་ན། ཚང་མས་ཐུགས་ཁུར་ཅི་ཆེ་གནང་བའི་རེ་བ་ཆེན་པོ་ཡོད་ཞུ་རྒྱུ་བཅས། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱད་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་། །