༢༠༡༤ ཟླ་ ༨ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༤ ནས་ཟླ་ ༩ ཚེས་ ༧ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་བྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་གྲོང་ཁྱེར་ནིའུ་ཡོཀ མི་ནེ་སོ་ཊ། སན་ཕེ་རན་སི་སི་ཀོ་མངའ་སྡེ། མེ་ཌི་སན། ཆཱི་ཁ་གོ་དང་།
དེ་བཞིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་སོགས་ཀྱི་ནང་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལྟ་གྲུབ་ལམ་སྟོན་འོག་ས་གནས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། དཔྱ་ཁྲལ་ལག་དེབ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་དང་སྤེལ་མུས་མ་ཟད། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༣ པའི་ཐོག་ལྷན་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་བཀའ་བློན་མཆོག་གིས་ཕྱི་ཚེས་ ༢༦ ཉིན་ཨ་རིའི་པོཌ་ལེན་ཌིའི་གྲོང་ཁྱེར་དུ་བོད་རིགས་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། དཔྱ་ཁྲལ་ལག་དེབ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད། ཕྱི་ཚེས་ ༢༨ ཉིན་སན་ཕེ་རན་སི་སི་ཀོ་དང་། ཕྱི་ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི། ཕྱི་ཚེས་ ༣༡ དང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ཨི་ཐ་ཀ་གྲོང་ཁྱེར། ཕྱི་ཚེས་ ༢།༣།༤།༥ བཅས་སུ་མི་ནེ་སོ་ཊ། མེ་ཌི་སོན། ཆི་ཁ་གོ ནིའུ་ཡོཀ་བཅས་སུ་བོད་རིགས་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། དཔྱ་ཁྲལ་ལག་དེབ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག ཕྱི་ཚེས་ ༦ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་བོད་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། དཔྱ་ཁྲལ་ལག་དེབ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག