༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཇར་མར་གྱི་གྲོང་ཁྱེར་ཧམ་བྷག་ནས་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་བསྡུ་བསྐོང་དང་ཡུ་རོབ་དམིགས་བསལ་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་གནང་ཐོག ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་སི་ལི་ (HAMBURG HOTEL GRAND ELYSEE)མགྲོན་ཁང་དུ། ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུ་སྐོང་ཚོགས་གནང་ཡོད།
ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་སྔར་བཞིན་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཅིང་། དེ་དག་ཐམས་ཅད་ཐུན་མོང་གི་གཞི་རྟེན་བཙལ་ནས་ཐག་གཅོད་བྱེད་དགོས་པ་ཚང་མར་ངོས་འཛིན་གཅིག་གྱུར་ཡོད་པ་ལྟར། བོད་རྒྱ་མི་རིགས་གཉིས་ནས་ཀྱང་མཉམ་དུ་འཛོམས་ཏེ་བོད་ཀྱི་གནད་དོན་སྐོར་ཕན་ཚུན་གླེང་སློང་གོ་བསྡུར་ཐོག བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་རྒྱུར་མཉམ་རུབ་ཀྱི་འགན་ཁུར་ཡོང་ཐབས་བྱེད་རྒྱུ་དེ་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ཡིན། ཡུ་རོབ་དང་། ཨ་རི། ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་དང་། བོད་པའི་ཕྱོགས་ནས་མི་མང་གིས་འོས་འདེམས་བྱས་པའི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་སོགས་ཁྱོན་བསྡོམས་མི་གྲངས་ ༧༠ ཙམ་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་ཡོངས་ལ་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱ་འབྲེལ་ལམ་དང་། དབུ་མའི་ལམ་སྐོར་གསུང་བཤད་གནང་རྒྱུ་ཡིན་ཞིང་། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དགའ་བསུའི་གསུང་བཤད་གནང་རྒྱུ་རེད། རྒྱ་རིགས་ཤེས་ཡོན་ཅན་ཚོས་རང་རང་སོ་སོའི་གནས་བབ་དང་མྱོང་བའི་ཐོག་ནས་རྒྱ་བོད་འབྲེལ་ལམ་གྱི་ལོ་རྒྱུས་གནས་ཚུལ་དང་། ད་ལྟའི་གནས་སྟངས། མ་འོངས་མདུན་ལམ་བཅས་ཀྱི་ཐོག་སོ་སོའི་དགོངས་ཚུལ་གསུང་རྒྱུ་རེད། ཚོགས་འདུ་གྲ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་དང་ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་ཚོགས་འདུ་བ་ཡོངས་ལ་དགོང་དྲོའི་གསོལ་སྟོན་དང་ཆབས་ཅིག ཚོགས་ཕེབས་པ་ཡོངས་དང་། ལྷག་པར་བོད་རིགས་ཚོགས་བཅར་བ་རྣམས་ཀྱི་ཚབ་ཞུས་ཏེ་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྒྱ་རིགས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་གནང་བ་དང་།
དེང་སང་འཛམ་གླིང་གི་ས་ཕྱོགས་མང་པོར་རྙོག་ཟིང་དང་མི་གསོད་ཁྲག་སྦྱོར་གྱི་དུས་ཚོད་ཅིག་གི་སྐབས་ཐུན་མོང་གི་གཞི་རྟེན་འཚོལ་བའི་བོད་རྒྱའི་ཚོགས་འདུ་འདི་ལྟ་བུ་ཞིག་ནི་དུས་ཀྱི་དགོས་མཁོར་སྣང་བ་དང་། རྒྱལ་སྤྱིའི་ནང་གི་དྲག་ཐབས་ཀྱི་ཆབ་སྲིད་འཐབ་རྩོད་དང་ཕན་ཚུན་ཁ་གཏད་བྱེད་བཞིན་པའི་དུས་སྐབས་ལ་གལ་གནད་ཆེན་པོ་ཞིག་ཆགས་ཡོད། ད་རེས་ཀྱི་འདུ་འཛོམས་འདི་བརྒྱུད་ནས་བོད་ཀྱི་གནད་དོན་འཚེ་མེད་ཞི་བ་དང་། གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་ངོ་བོ་མཚོན་གྱི་ཡོད། བོད་ཀྱི་ད་ལྟའི་དཀའ་ངལ་གྱི་གནས་སྟངས་སེལ་ཐབས་མ་བྱས་པར་འདི་མུར་ལུས་ན། ག་ཚོད་དུས་ཚོད་རིང་བ་སོང་བ་དེ་ཚོད་ཀྱི་བོད་ནང་དྲག་ཟིང་དང་། མི་གསོད་ཁྲག་སྦྱོར་ཡོང་གཞི་ཆགས་རྒྱུ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོའི་འདུ་འཛོམས་འདི་ཛ་དྲག་དང་གལ་གནད་ཆེན་པོ་ཆགས་ཡོད། དེས་ན་ཚོགས་འདུ་འདི་བརྒྱུད་ནས་བོད་རྒྱ་མི་རིགས་གཉིས་ནས་འཚེ་མེད་ཞི་བ་དང། དྲང་བདེན། རང་དབང་བཅས་ཀྱི་རིན་ཐང་གཞིར་བཞག་ཐོག་བོད་རྒྱ་མི་རིགས་གཉིས་ཀྱི་དབར་ཞི་འགྲིག་འཆམ་མཐུན་ཡོང་རྒྱུར་ལོ་རྒྱུས་རང་བཞིན་ལྡན་པའི་ལས་དོན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་སོགས་ཚོགས་འདུའི་ངོ་སྤྲོད་དང་། དེ་རྗེས་ཚོགས་བཅར་བ་རྣམས་ནས་སོ་སོའི་ངོ་སྤྲོད་སྙིང་བསྡུས་རེ་ཡང་གནང་ཡོད་པ་བཅས། །