༢༠༡༤ ཟླ་ ༨ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ ཉིན་ཆེས་མཐོའི་ཁྲིམས་ཁང་ནས་གོ་སྒྲིག་འོག་ཁྲིམས་འཛིན་ལྷན་ཚོགས་ཐེངས་བཞི་པ་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་འགོ་འཛུགས་གནང་སོང། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། ཁྲིམས་ཞིབ་པ་གཞན་ངག་དབང་ཆོས་གྲགས་མཆོག སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས། ལ་དྭགས་ས་གནས་ཁྲིམས་ཞིབ་པ་གཅིག་དང་ཁྲིམས་དྲུང་གཅིག་གིས་གཙོས་རྒྱ་གར་བྱང་ཤར་ལྷོ་གསུམ་གྱི་ས་གནས་ཁྲིམས་ཞིབ་པ་གསུམ་དང་ཁྲིམས་དྲུང་གསུམ། དེ་བཞིན་བལ་ཡུལ་ས་གནས་ཁྲིམས་ཞིབ་པ་བཞི་དང་། ཁྲིམས་དྲུང་བཞི། གསར་འགོད་པ་བཅས་ཁྱོན་མི་གྲངས ༢༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་འཛིན་དྲ་རྒྱ་དབུ་འབྱེད་གནང་གྲུབ་བསྟུན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་ངོ་སྤྲོད་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་སྒེར་གྱི་ངོས་ནས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན།
ད་ལྟ་གོང་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཁྲིམས་མཐུན་དང་འཛིན་སྐྱོང་གི་སྐོར་ཞིབ་ཕྲ་གསུངས་སོང་། དེ་ལས་ལྷག་ངས་གང་ཡང་ཞུ་རྒྱུ་མི་འདུག རྩ་བའི་ང་ཚོའི་གནས་སྟངས་གཞན་དང་མི་འདྲ་བ་ཆགས་ཡོད། ང་ཚོ་ད་ལྟ་ལུང་པ་མེད་པའི་སྐྱབས་བཅོལ་གྱི་སྒྲིག་འཛུགས་ཤིག་གི་ནང་དེང་རབས་ཀྱི་མང་གཙོའི་ལམ་ལུགས་ཚད་མཐོ་པོ་ཡོད་མཁན་ཚོར་མིག་དཔེ་བལྟས་ནས་འགྲོ་བཞིན་ཡོད། འོན་ཀྱང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་བོད་མི་རྒན་རབས་ཚོས་གཙོས་གཞིས་བྱེས་བོད་མི་རྣམས་ཀྱི་ལྷག་བསམ་དང་བསོད་ནམས་ཀྱི་འདུན་པ་ཆིག་སྒྲིལ་ཐོག་ད་ལྟའི་ང་ཚོའི་སྒྲིག་འཛུགས་འདིར་ཚང་མ་ཡིད་སྨོན་བྱེད་ས་ཞིག་ཆགས་ཡོད། དེའི་ནང་ནས་གལ་ཆེ་བ་ཞིག་ང་ཚོའི་ཁྲིམས་ལུགས་དབང་འཛིན་ཆགས་ཡོད། བོད་ས་མ་ཤོར་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་ཆེ་བཞེས་ཀྱིས་ལེགས་བཅོས་ཚོགས་ཆུང་དང་། གྱོད་གཏུག་ཞུ་རྒྱུའི་ཚོགས་ཆུང་སོགས་བཙུགས་ནས་སྔར་གྱི་ལམ་ལུགས་ཐོག་ཕྲན་བུ་བསྒྱུར་བཅོས་གཏོང་རྒྱུའི་དུས་ཚོད་དེ་ཙམ་རག་མེད་ཀྱང་། མགོན་པོ་གང་ཉིད་མཆོག་གིས་རྣམ་དཔྱོད་ཀྱི་སྒོ་ནས་བོད་མི་མང་ལ་དགོས་རྒྱུའི་ས་བོན་དེ་སྐབས་དེ་དུས་ནས་བསྐྲུན་ཟིན་པ་ཞིག་ཆགས་ཡོད། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་བཙན་འཛུལ་བྱས་རྗེས། ༸གོང་ས་མཆོག་གིས་དབུས་བོད་མི་སུ་ཞིག་ལ་བོད་ལ་འཛིན་སྐྱོང་བྱེད་རྒྱུའི་བདག་དབང་མེད་པ་ཞིག་ཆགས་ཡོད།
སྐབས་དེ་དུས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེས་དང་། བོད་མི་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་གྱིས་༸གོང་ས་མཆོག་བཙན་བྱོལ་ནང་ཆིབས་སྒྱུར་བསྐྱངས་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་མི་གང་ཙམ་བཙན་བྱོལ་དུ་འབྱོར་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་བཙན་བྱོལ་ནང་བོད་མི་སྔར་ལྷག་གྲངས་འབོར་ཆེ་རུ་ཕྱིན་ཡོད།
ད་ལྟ་གོང་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གསུངས་པ་ལྟར། ང་ཚོའི་སྤྱི་ཚོགས་ནང་ཁྲིམས་མཐུན་གྱི་སྦྱོང་བརྡར་སྤྲོད་རྒྱུ་དང་། དེ་བཞིན་སྤྱི་ཁྱབ་ཁྲིམས་ཞིབ་པ་དང་ས་གནས་ཀྱི་ཁྲིམས་ཞིབ་པ། ཁྲིམས་ཞིབ་པ་རྣམས་ཀྱིས་ཁྲིམས་རྩོད་གནང་རྒྱུ་གཅིག་དེ་སྤྱིར་བཏང་བོད་པའི་གོམས་གཤིས་ནང་ཆོས་ཕྱོགས་ནས་བཤད་ན། ཁེ་དང་རྒྱལ་ཁ་དེ་གཞན་ལ་སྤྲད། གྱོང་དང་ཕམ་ཁ་རང་གིས་འཁུར། ཞེས་སོ་སོའི་ཁེ་ཕན་མི་གཞན་ལ་སྤྲད། མི་གཞན་གྱི་གྱོང་དེ་སོ་སོའི་འཁུར་རྒྱུ་དེ་སྔ་མོ་ང་ཚོའི་སྤྱི་ཚོགས་ཀྱི་གོམས་གཤིས་ཤིག་ཡོད་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་དེང་སང་གི་དུས་ཚོད་ལ་འདི་ལྟ་བུ་གནས་ཐུབ་ཀྱི་མེད། མི་མང་པོ་ཞིག་དྲན་རྒྱུ་དང་བྱེད་རྒྱུ་མང་པོ་ཆགས་པར་བརྟེན། སྤྱི་ཚོགས་ནང་དྲང་མ་དྲང་གི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད་སྟབས། དེ་ལྟ་བུའི་ཐོག་ནས་མི་ཉམ་ཆུང་ཁ་ཤས་ལ་གྱོང་རག་ན་འགྲིག་གི་མེད། དེ་ཚོའི་གྲས་ལ་མགོན་སྐྱབས་བྱེད་མཁན་སྒྲིག་འཛུགས་ཀྱི་ངོས་ནས་སྡིངས་ཆ་ཞིག་བསྐྲུན་དགོས་ཀྱི་ཡོད།
དེར་བརྟེན་ང་ཚོའི་ཁྲིམས་ཁང་དང་ཁྲིམས་ཞིབ་པའི་ཁྲིམས་ལུགས་ཀྱི་ཕྱག་ལས་རྣམས་སྤྱི་ཡོངས་ཀྱི་བོད་པའི་བསོད་ནམས་ཀྱི་ཐོག་ནས་བྱུང་བ་སྤྱི་དང་། དེ་བཞིན་༸གོང་ས་མཆོག་གི་དགོངས་གཞི། ད་བར་ཁྲིམས་ཞིབ་པ་རིམ་བྱོན་དང་ས་གནས་བཅས་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་འགན་ཁུར་གནང་བ་རབརྟེན་ནས་བྱུང་བ་ཞིག་ཡིན། འདས་པའི་ལས་དོན་དང་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ནང་མ་འོངས་པ་བོད་ཀྱི་བདེན་མཐའ་གསལ་བའི་སྐབས། བོད་མི་རིགས་དང་ལྷག་པར་འཛིན་སྐྱོང་ལ་ཞབས་འདེགས་རླབས་ཆེན་ཞིག་གྲུབ་ཡོད་པར་ངས་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འགན་ཁུར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྣམ་པ་ཚོའི་བརྗོད་གཞི་ད་ལྟ་ང་ཚོས་ལག་བསྟར་གནང་བཞིན་པའི་རྩ་འཛིན་ཁྲིམས་ཡིག་གསུམ་འདུག ཁྲིམས་ལྷན་གྱི་རྩ་འཛིན་ནང་གཏུག་བཤེར་རྩ་འཛིན་དང་དཔང་རྟགས་རྩ་འཛིན་སོགས་ཀྱི་ཐོག་བསྐྱར་བཅོས་ཇི་ལྟར་གནང་དགོས་མིན་དང་ཡུལ་མིའི་གནས་སྟངས་སོགས་དང་འབྲེལ་བའི་ཐོག་ཕྱག་ལས་གནང་མ་བདེ་བ་ཡོད་ཚེ། དེ་ཚོའི་ཐོག་བསྒྱུར་བ་བཏང་དགོས་ཡོད་མེད་རྣམ་པ་ཚོས་དེ་རིང་གི་ཚོགས་འདུའི་ཐོག་བསམ་ཚུལ་སྤུང་ཐུབ་ན་ཏན་ཏན་ཐུགས་ཕན་གསོ་བ་ཞིག་ཡོང་གི་རེད་སྙམ་གྱི་འདུག རྩ་བའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་པ་གཞན་གཉིས་མཁྱེན་རྒྱ་ཆེན་པོ་རེད། འོན་ཀྱང་ཁྲིམས་དེ་ཁོང་རྣམ་པ་གསུམ་གྱིས་བཟོ་དགོས་ཀྱི་ཡོད་སྟབས། དེ་ཚོ་གྲས་ཁྲིམས་ཀྱི་རྒྱབ་ལྗོངས་གསལ་པོ་སྤུང་ཐུབ་ན་རིམ་པས་རྣམ་པ་ཚོ་ས་གནས་ཁྲིམས་ཞིབ་པ་རྣམས་ལ་ཕྱག་ལས་གནང་བདེ་བ་དང་། ཕྱག་ལས་གནང་རྒྱུ་དེ་ཡང་དྲང་བདེན་དང་སོ་སོའི་ངོས་ནས་བློ་བདེ་བ་ཡོང་གི་རེད། དེ་བཞིན་སོ་སོར་བརྟེན་མཁན་བོད་མི་རིགས་སམ་སོ་སོའི་ཁྱབ་ཁོངས་མི་མང་རྣམས་ཀྱིས་སྒྲིག་འཛུགས་ལ་ཡིད་ཆེས་ཤིག་བསླེབ་པ་ཞིག་བཟོ་དགོས་རྒྱུ་དེ་འགན་ཧ་ཅང་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དངོས་གཞིའི་མཛད་སྒོ་གྲོལ་ཡོད།
དེ་ནས་ཆུ་ཚོད་ ༡༠།༣༠ ཐོག་ཁྲིམས་འཛིན་ལྷན་ཚོགས་ཐེངས་གཉིས་པ་དང་གསུམ་པའི་བསམ་འཆར་ཁག་ལག་བསྟར་མཇུག་འཁྱོངས་ཀྱི་ཕྱོགས་བསྡོམས་སྙན་ཐོ་ཁྲིམས་ཞིབ་དྲུང་ཆེས་སྒྲོགས་སྦྱང་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་དབུ་བཞུགས་ཐོག་གྲོས་གཞི་དོན་ཚན་དང་པོ། ཁྲིམས་སྒྲིག་ཁག་ལ་དགོས་ངེས་ཀྱི་བསྐྱར་བཅོས་ཇི་དགོས་ཐོག་ཚོགས་བཅར་བས་དགོངས་ཚུལ་གསུང་གླེང་གནང་རྒྱུས་མཚོན་མུ་མཐུད་མཇུག་འཁྱོངས་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་གྲོས་གཞི་དོན་ཚན་གཉིས་པ། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་དོན་དང་འཛིན་སྐྱོང་བྱེད་སྒོ་གོང་མཐོར་གཏོང་ཕྱོགས་ཐོག་ཚོགས་བཅར་བས་དགོངས་ཚུལ་གསུང་གླེང་དང་། གྲོས་གཞི་དོན་ཚན་གསུམ་པ། ཁྲིམས་རྩོད་པ་སྐྱེད་སྲིང་དང་། ནུས་རྩལ་མཐོར་འདེགས་བྱེད་ཕྱོགས་ཐོག་ཚོགས་བཅར་བས་དགོངས་ཚུལ་གསུང་གླེང་གནང་རྒྱུ་ཡིན་པ་མ་ཟད། གྲོས་གཞི་དོན་ཚན་བཞི་པ། ཁྲིམས་ལུགས་གོ་རྟོགས་སྤེལ་བའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་ཐོག་ཁྲིམས་ཞིབ་པ་ཆེ་བ་མཆོག་དབུ་བཞུགས་ཐོག་ཚོགས་བཅར་བས་དགོངས་ཚུལ་གསུང་གླེང་གནང་རྒྱུ་ཡིན་འདུག དེ་ནས་གྲོས་གཞི་ཁག་ལ་དགོངས་འཆར་གསུང་འཕྲོ་ཡོད་རིགས་འཕྲོ་སྐྱོང་དང་། སྤྱི་སྨན་དགོངས་འཆར་གསུང་གླེང་གནང་མཐར་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་རྗེས་ཁྲིམས་འཛིན་ལྷན་ཚོགས་ཐེངས་བཞི་པ་གྲོལ་རྒྱུ་ཡིན་འདུག་པ་བཅས། །