༢༠༡༤ ཟླ་ ༨ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ནས་ ༢༢ བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཀ་སྦུག་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག
དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་གནས་ཡུལ་ས་ལུ་སྒར་དང་། ཨོཌ་ལ་སྦ་རི། རྫའི་སྒང་། ཨལ་གྷ་ར། ལ་ཝྭ། ཀ་སྦུག་བཅས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྤྱིར་འཛམ་གླིང་སྐྱེ་འགྲོ་ཡོངས་དང་། བྱེ་བྲག་རང་ཅག་བོད་འབངས་ཡོངས་ལ་གང་ཉིད་ཀྱི་ཆེས་རླབས་ཆེན་གྱི་མཛད་འཕྲིན་ཁག་ངོ་སྤྲོད་དང་སྦྲགས་བཀའ་དྲིན་རྗེས་དྲན་གྱི་སྐོར་དང་། གཉིས་སྨན་དབུ་མའི་ལམ་གྱི་མཛད་བྱུས་སྐོར་སེར་སྐྱ་མི་མང་དགེ་སློབ་ཁྱོན་མི་གྲངས་ ༤༤༡ ཙམ་ལ་གོ་རྟོགས་སྤེལ་ཡོད།
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠།༣༠ བར་ས་ལུ་སྒར་སྲད་བརྒྱུད་གྲྭ་ཚང་དུ་ཁུལ་དེར་གནས་སྡོད་བོད་མི་ཁྱོན་གྲངས་༢༥ ཙམ་ཚང་འཛོམས་ཐོག་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས། དྲུང་ཆེས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། མི་མང་གི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
དེ་རྗེས་ཆུ་ཚོད་ ༡༡།༤༥ ནས་ཉིན་རྒྱབ་ཆུ་ཚོད་དང་པོ་བར་ཨོཌ་ལ་བྷ་རིར་གནས་སྡོད་མི་གྲངས་ ༡༦ ཙམ་ལ་དྲུང་ཆེས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ནས་ཉིན་རྒྱབ་ཆུ་ཚོད ༡༢།༡༠ བར་རྫའི་སྒང་གནས་སྡོད་མི་གྲངས་ ༢༠ ཙམ་ལ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སྤྱི་དང་། ལྷག་པར་སྐད་ཡིག་བདག་གཅེས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་གནང་ཡོད།
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚད་ ༩།༠༠ ནས ༡༠།༠༠ བར་ལ་ཝྭ་གནས་སྡོད་མི་གྲངས་ ༡༣ ཙམ་ལ་༸གོང་ས་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། ཆོས་དང་རིག་གཞུང་གལ་ཆེ་ཡིན་སྐོར། དམིགས་བསལ་སྐད་ཡིག་བདག་གཅེས་དགོས་ལུགས་གསུང་བཤད་གནང་།
ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ནས ༡༠།༣༠ བར་ཀ་སྦུག་གནས་སྡོད་མི་གྲངས་ ༥༠ ཙམ་ལ་དང་ཐོག་ས་གནས་འགོ་འཛིན་ནས་ངོ་སྤྲོད་དང་། དེ་རྗེས་དྲུང་ཆེས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་སྐོར། ཆོས་དང་རིག་གཞུང་གལ་ཆེ་ཡིན་སྐོར། དམིགས་བསལ་སྐད་ཡིག་བདག་གཅེས་དགོས་ལུགས་གསུང་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་གནང་།
ཕྱི་ཚེས་ ༢༡ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ནས ༤།༣༠ བར་ཀ་སྦུག་གཏན་སློབ་ཏུ་དགེ་ལས་སློབ་ཕྲུག་ཁྱོན་གྲངས་ ༣༡༠ ཙམ་ལ་དྲུང་ཆེས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་སྐབས། སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཆེན་པོའི་ཐོག་ཉན་པ་མ་ཟད། དྲི་བ་དྲིས་མཁན་ཡང་མང་པོ་བྱུང་ཡོད་པ་དེ་དག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག