༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ལོ་ ༢༥ དང་ཇར་མན་བོད་རིགས་ཚོགས་པ་དབུ་བརྙེས་ནས་ལོ་ ༣༥ འཁོར་བའི་དུས་ཆེན་མཛད་སྒོར་དབུ་བཞུགས་ཐོག་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་ཧམ་བྷག་ཉེ་འགྲམ་ལེ་སི་ཧ་ལེ་ Laeiszhalle ཞེས་པའི་གྲོང་ཁྱེར་དུ་༸ཞབས་སོར་འཁོད་བསྟུན། ཚོགས་ཁང་གི་ཕྱི་རོལ་དུ་ཇར་མན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་གཅིག་ལྕོགས་ལྕམ་སྐུ་ཀ་ལོ་ཌི་ཡ་རོཐ་ Mrs Claudia Roth མཆོག་དང་། ཇར་མན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྱམས་པ་ཀུན་དགའ་ཤར་ལགས། དེ་བཞིན་འབྲེལ་ཡོད་སྐུ་ཞབས་ཝུལྤ་སྒེང་གེ་རེ་ཌར་ Mr Wolfgang Grader ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་རྗེས་༸གོང་ས་མཆོག་གིས་མང་ཚོགས་ ༡༦༠༠ བརྒལ་བར་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ། དེ་ཡང་ཐོག་མར་ཚོགས་བཅར་བ་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་ནས་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་སྤེལ་བ་ཁག་གཅིག་གི་བརྙན་འཕྲིན་སྤྱན་བསྟར་ཞུས་བསྟུན། ༸གོང་ས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན། ངོས་ཀྱིས་ཐོག་མར་འདི་ག་ཇར་མན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་བར་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་ལ་བསྔགས་བརྗོད་དང་སྦྲགས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ལས་ཀ་ཧུར་ཐག་གནང་འདུག ཅེས་སོགས་བཀའ་སྩལ་རྗེས་༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་སྐོར་དང་། བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཕྱིན་པ་དེས་བོད་ཀྱི་རྒྱུག་ཆུ་ལ་བརྟེན་ནས་འཚོ་བཞིན་པའི་མི་འབོར་ཐེར་འབུམ་གཅིག་ཙམ་ཉེན་ཁ་དང་དཀའ་ངལ་ཇི་འདྲ་འཕྲད་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་ཐུན་མིན་རིག་གཞུང་ནི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ཡིན་པར་བརྟེན། བོད་བརྒྱུད་ནང་བསྟན་བདག་གཅེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་དང་། གང་ཉིད་མཆོག་དེང་སྐབས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བརྩི་སྤྲོད་མཛད་ཟིན་པ་སོགས་ཀྱི་བཀའ་སློབ་སྩལ་རྗེས་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ། ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་རྒྱ་གར་དུ་ཆིབས་༸ཞལ་བསྒྱུར་རྒྱུ་ཡིན་འདུག