༢༠༡༤ ཟླ་ ༨ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཇར་མན་གྲོང་ཁྱེར་ཧམ་བྷག་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བསྡུ་བསྐོང་དང་ཡུ་རོབ་དམིགས་བསལ་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་གནང་ཐོག ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་ལི་སི་ (HAMBURG HOTEL GRAND ELYSEE)མགྲོན་ཁང་དུ། ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་པའི་བོད་རྒྱའི་ཚོགས་འདུ་སྐོང་ཚོགས་གནང་རྒྱུ་ཡིན་འདུག
ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་སྔར་བཞིན་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཅིང་། དེ་དག་ཐམས་ཅད་ཐུན་མོང་གི་གཞི་རྟེན་བཙལ་ནས་ཐག་གཅོད་བྱེད་དགོས་པ་ཚང་མར་ངོས་འཛིན་གཅིག་གྱུར་ཡོད་པ་ལྟར། བོད་རྒྱ་མི་རིགས་གཉིས་ནས་ཀྱང་མཉམ་དུ་འཛོམས་ཏེ་བོད་ཀྱི་གནད་དོན་སྐོར་ཕན་ཚུན་གླེང་སློང་གོ་བསྡུར་ཐོག བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་རྒྱུར་མཉམ་རུབ་ཀྱི་འགན་ཁུར་ཡོང་ཐབས་བྱེད་རྒྱུ་དེ་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ཡིན། ཡུ་རོབ་དང་། ཨ་རི། ཨེ་ཤ་ཡ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་དང་། བོད་པའི་ཕྱོགས་ནས་མི་མང་གིས་འོས་འདེམས་བྱས་པའི་དཔལ་ལྡན་སྲིང་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་སོགས་ཁྱོན་བསྡོམས་མི་གྲངས་ ༧༠ ཙམ་ཚོགས་འདུར་མཉམ་ཞུགས་གནང་གི་ཡོད།
ཕྱི་ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་གྱིས་ཚོགས་འདུར་བཀའ་སློབ་སྩལ་རྒྱུ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་བོད་འབྲེལ་ལམ་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་བཤད་གནང་རྒྱུ་ཡིན་ཞིང་། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དགའ་བསུའི་གསུང་བཤད་གནང་རྒྱུ་ཡིན་འདུག རྒྱ་རིགས་ཤེས་ཡོན་ཅན་ཚོས་རང་རང་སོ་སོའི་གནས་བབ་དང་མྱོང་བའི་ཐོག་ནས་རྒྱ་བོད་ འབྲེལ་ལམ་གྱི་ལོ་རྒྱུས་གནས་ཚུལ་དང་། ད་ལྟའི་གནས་སྟངས། མ་འོངས་མདུན་ལམ་བཅས་ཀྱི་ཐོག་སོ་སོའི་དགོངས་ཚུལ་གསུང་རྒྱུ་ཡིན་འདུག དེ་རིང་ནི་ཚོགས་འདུ་བ་རྣམས་ས་ཕྱོགས་གང་ས་ནས་ཨི་ལི་སི་མགྲོན་ཁང་དུ་འཛོམས་ཏེ་ཐོ་འགོད་བྱེད་བཞིན་ཡོད་པ་དང་། དེ་རིང་དགོང་དྲོ་ཆུ་ཚོད་བདུན་ཐོག་ཚོགས་འདུ་བསྡུ་བསྐོང་གནང་མཁན་བོད་མིའི་སྒྲིག་འཛུགས་དང་། ཚོགས་འདུ་གྲ་སྒྲིག་གནང་མཁན་ཡུ་རོབ་དམིགས་བསལ་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་ཚོགས་བཅར་བ་ཡོངས་ལ་དགོངས་དྲོའི་གསོལ་སྟོན་དང་ཆབས་ཅིག ཚོགས་འདུ་ངོ་སྤྲོད་དང་། དབུ་མའི་ལམ་གྱི་བརྙན་འཕྲིན་ཐུང་ཐུང་ཞིག་སྟོན་རྒྱུ་ཡིན་འདུག