༢༠༡༤ ཟླ་ ༨ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། སྤྱི་འཐུས་རྣམ་པ་ས་གནས་ས་བགོས་ཀྱིས་བོད་མི་གནས་སྡོད་ཁུལ་དུ་ཆེད་ཕེབས་མི་མང་གི་གནས་སྟངས་ལ་རྟོག་ཞིབ་གནང་བཞིན་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་བོད་མི་གནས་སྡོད་ཁུལ་ཀ་སྦུག་དང། སྒང་ཏོག ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
ཐེངས་འདིའི་སྤྱི་འཐུས་རྣམ་གཉིས་ཀྱི་ས་བགོས་ས་ཁུལ་ཁག་ནི། ཀ་སྦུག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ས་ཁག་ ༩ དང་། སྒང་ཏོག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ས་ཁག་ ༢༢ ། ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས། དེ་བཞིན་བོད་མི་སུད་ཚོང་བའི་ས་ཁུལ་ཁག་ ༩ བཅས་ཁྱོན་ས་ཁག་ ༤༠ ཡོད་པ་ལས། ད་རེས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༦ ནས། ཟླ་ ༧ ཚེས་ ༡ བར་ཀ་སྦུག་དང། སྒང་ཏོག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས། ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་སུ་ཕེབས་གནང་ཡོད་ལ། དགུན་ཁ་སུད་ཚོང་སྐབས་ས་ཁུལ་གཞན་ཁག་ལ་ཆེད་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་འདི་ལོའི་ཟླ་ ༦ ཚེས་ ༦ ཕྱི་དྲོ་རྡ་ས་ནས་ཕེབས་ཐོན་གྱིས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀ་སྦུག་ཏུ་ཕེབས་ཏེ། ཕྱི་ཚེས་ ༧ ནས་ ༡༢ བར་ས་ལུ་སྒར་དང་། ཨོད་ལ་སྦ་རི། འབྲུག་གི་ས་མཚམས་ཛ་ཡེ་སྒང་། ཀ་སྦུག ཨ་ལ་སྤོས་གསུམ་བཅས་ལ་གཟིགས་སྐོར་དང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན། ས་འཐུས་གཙོས་པའི་སྤྱི་ཚོགས་ཀྱི་འགན་བཞེས་མཁན་ཚོར་ཟབ་འཁྲིད་གནང་། ཚེས་ ༡༣ ནས་ ༡༥ བར་སྒང་ཏོག་ཁུལ་གྱི་ས་གནས་འཐུས་ཚོགས་གཙོས་པའི་ས་གནས་དེར་སྤྱི་པའི་ཐུགས་འགན་བཞེས་མཁན་ཚོར་ཟབ་སྦྱོང་དམར་འཁྲིད་གནང་། ཚེས་ ༡༦ ནས་ ༡༩ བར་མང་གན་དང་སིང་གིག། སྤ་གོང་། ཅུང་ཐང་། ལ་ཆུང་། མུ་ཤི་ཐང་། ཚ་གདིང་། འབྲོང་གུག་བཅས་སོ་སོར་ཕེབས་ཏེ་མང་ཚོགས་ཀྱི་གནས་སྟངས་རྟོག་ཞིབ་དང་གསུང་བཤད་གནང་སྟེ་མང་ཚོགས་ནས་དོགས་འདྲི་ཞུས་པ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་།
དེ་རྗེས་སྒང་ཏོག་ཏུ་ཕྱིར་ཕེབས་གནང་སྟེ། ཚེས་ ༢༡ དང་ ༢༢ ལ་འབྲས་ལྗོངས་ཤར་པ་དམ་ཅན་དང་། རྫ་ལུག། ནག་ཐང་། སྐུ་འབུབ། གཡག་གླ། ཤེ་ར་ཐང་། མཚོ་འགོ མཆོ་གཞུག མེ་ལེ་ ༡༥། མེ་ལེ་ ༡༠ བཅས་སོ་སོར་གོང་བཞིན་གནང་བ་དང་། ས་གནས་དེ་གའི་ན་གཞོན་གྱི་ཚོགས་པ་གསར་པ་བོད་ཀྱི་གཤོག་པ་(Tibet wings) ཞེས་པ་ནས་འབོད་སྐུལ་གནང་དོན་ལྟར་དོལ་རྒྱལ་སྐོར་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།
ཚེས་ ༢༣ ལ་རུམ་བཏེགས་དང་སྒང་ཏོག་མི་མང་སོ་སོར་གཏམ་བཤད་གནང་བ་དང་། ཚེས་ ༢༤ ནས་ ༢༦ བར་ཡོག་ཟམ་དང་ར་ཝང་ལ་ཀུན་ཕེན་གླིང་གཞིས་ཆགས་བཅས་སུ་མི་མང་གི་གནས་སྟངས་ལ་རྟོག་ཞིབ་དང་མང་ཚོགས་ལ་གཏམ་བཤད། ས་གནས་འཐུས་ཚོགས་གཙོས་པའི་སྤྱི་པའི་འགན་བཞེས་མཁན་ཚོར་ཟབ་སྦྱོང་གནང་།
ད་ཐེངས་སྤྱི་འཐུས་རྣམ་གཉིས་ཕྱོགས་ཕེབས་ཀྱི་ལས་འཆར་ཁག་ལེགས་གྲུབ་བྱུང་སྟེ་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་མེ་འཁོར་བརྒྱུད་ཕྱིར་ཕེབས་ཐོན་གནང་ནས། ཕྱི་ཟླ་ ༧ ཚེས་ ༡ ཉིན་རྡ་སར་ཕེབས་འབྱོར་ཟིན།
ད་ཐེངས་སྤྱི་འཐུས་རྣམ་གཉིས་ཕྱོགས་ཕེབས་སྐབས། དཀའ་སེལ་ཐག་གཅོད་ཇི་གནང་སྐོར་དང་། དཀའ་སེལ་མཇུག་སྐྱོང་དགོས་རིགས། མི་མང་གི་དགོངས་འཆར་ཇི་ཞུས་བཅས་ཞིབ་འཁོད་ཀྱི་ལས་བསྡོམས་སྤྱི་འཐུས་རྒྱུན་ལས་སུ་ཕུལ་གནང་ཡོད་པ་བཅས་སོ།།