༢༠༡༤ ཟླ་ ༨ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་སྡེ་ཚན་ནས་བཙན་གཡེམ་མེད་པའི་བོད་མིའི་སྤྱི་ཚོགས་ཤིག་སྐྲུན་ཆེད་ཅེས་པའི་ལམ་སྟོན་དེབ་ཆུང་ཞིག་འདོན་སྤེལ་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་ནང་སྲི་ཞུ་བ་ཁག་གཅིག་དང་སྤྱི་ཚོགས་ཁྲོད་ལས་ཀྱི་སྣེ་མོར་གཏོགས་པ་ཁག་གཅིག་ལྷན་འཛོམས་ཐོག་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས་ལམ་སྟོན་དེབ་ཆུང་དབུ་འབྱེད་གནང་འདུག
སྐབས་དེར་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་ཤུགས་གོང་འཕེལ་འབྲེལ་མཐུད་པ་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་གསུང་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱི་ལོ་ ༢༠༡༡ ནས་བཟུང་བུད་མེད་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཁག་གཅིག་ཐོན་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༣ ལོར་ལོ་ན་ལྔ་ལས་མ་སོན་པའི་བུད་མེད་བྱིས་པ་ཞིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་ཐོན་ཡོད་པར་བརྟེན། བཀའ་ཤག་ངོས་ནས་བོད་མིའི་སྤྱི་ཚོགས་ནང་བཙན་གཡེམ་རིགས་མ་ཡོང་བའི་ཆེད་དུ་ལམ་སྟོན་ཡིག་ཆ་ཞིག་བཟོ་དགོས་པའི་བཀའ་ཕེབས་ལྟར། ང་ཚོའི་ངོས་ནས་ལམ་སྟོན་དེབ་ཆུང་འདི་བཟོས་ཏེ་དེ་རིང་འདི་གར་འདོན་སྤེལ་གནང་གི་ཡོད། ཅེས་སོགས་ཀྱི་འགྲེལ་བརྗོད་གནང།
དེ་ནས་ཟུང་དྲུང་ཚེ་དབང་སྒྲོལ་མ་ལགས་ཀྱིས་གསུང་དོན། ད་ལྟའི་བོད་མིའི་སྤྱི་ཚོགས་འདི་ནི་སྤྱི་ཚོགས་གཞན་དང་མི་འདྲ་བའི་ཡར་ཐོན་ཕྱོགས་ལ་སྐྱོད་བཞིན་ཡོད། ལྷག་པར་དེང་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་བཀའ་བློན་གྱིས་གཙོས་ཚོགས་སྡེ་ཁག་གི་འགན་འཛིན་དང་། ས་གནས་འགོ་འཛིན་སོགས་གནས་རིམ་འདྲ་མིན་ཐོག་བུད་མེད་མང་དག་ཅིག་འཁོད་ཡོད། ཕྱོགས་གཞན་ཞིག་ནས་བཙན་གཡེམ་རིགས་ཀྱི་ཚུལ་མིན་གྱི་གནས་ཚུལ་འབྱུང་བཞིན་ཡོད་སྟབས། གནད་དོན་དེ་རིགས་འགོག་ཐབས་ཆེད་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་དང་བསམ་གཞིགས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་ཡོད།
སྤྱིར་བཏང་ལམ་སྟོན་དེབ་ཆུང་དེའི་ནང་། ཕ་མ་དང་། སློབ་ཕྲུག གཞོན་སྐྱེས། ལས་ཀ་བྱེད་ཡུལ་གྱི་འོས་འགན་བཅས་སྡེ་ཚན་བཞིར་དབྱེ་སྟེ། དེ་དག་ཁྲོད་བྱེད་རུང་དང་མི་རུང་བའི་དོན་ཚན་བཅུ་རེ་གསལ་སྟོན་གནང་འདུག