༢༠༡༤ ཟླ་ ༨ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ཉིན་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༤།༤༠ བར་གསོ་བ་རིག་པའི་སྨན་པ་རབ་འབྱམས་པའི་སློབ་གཉེར་རྩ་འཛིན་སྒྲིག་གཞི་དང་སློབ་ཚན་བཀོད་སྒྲིག་ཅེས་པའི་བརྗོད་གཞི་གཙོ་བོའི་ཐོག་ཚོགས་ཆེན་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་རྗེས་གསོ་རིག་སློབ་འཁྲིད་སྒྲིག་གཞི་རྣམས་ (CCIM)འགྲོས་དང་མཐུན་པར་འགྲོ་ཐུབ་ན་མ་འོངས་དགེ་མཚན་ཆེ་བར་ལྷན་ཚོགས་གཙོས་གསོ་རིག་སློབ་གཉེར་ཁང་ནས་སློབ་ཚན་གཏན་འབེབ་ཀྱི་སྲིད་བྱུས་འཛིན་ཕྱོགས་དང་། (CCIM) ནས་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་སྒྲིག་གཞིའི་དོན་ཚན་ལྟ་ཀློག དེ་བཞིན་ད་ཐེངས་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་སྨན་རམས་པའི་རྩ་འཛིན་སྒྲིག་གཞི་རགས་ཟིན་གྱི་དོན་ཚན་ ༡། ནས ༡༢། བཅས་ཐོག་བསྐྱར་ཞིབ། རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ནང་གསོ་བ་རིག་པའི་ཚོགས་མི་བསྐོ་འདེམས་དང་ཕྱོགས་མཚུངས་གསོ་རིག་སྨན་པའི་སློབ་ཚན་བཀོད་སྒྲིག་དང་སྨན་པ་དེབ་སྐྱེལ་བཅས་ཡུལ་ཁྲིམས་དང་མཐུན་པར་འགྲོ་བསྐྱོད་དགོས་ཐད་བགྲོ་གླེང་གནང་འདུག ཚོགས་འདུའི་ཐོག་སྨན་རྩིས་ཁང་གི་མཛད་གཙོ་རྣམ་པས་གཙོས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་བཅུ་གཉིས་ཙམ་ལྷན་ཞུགས་ཡོད་པ་དང་ སྨན་རྩིས་ཁང་གི་འགན་འཛིན་གྱིས་ཚོགས་འདུ་མཇུག་བསྡོམས་གསུང་བཤད་གནང་།
ད་ཐེངས་ཀྱི་ཚོགས་འདུའི་ཐོག་ལྷན་ཚོགས་ཀྱིས་ཞུས་དོན་ལྟར། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་རེས་མོས་བཞིན་སྤྱི་འཐུས་གངས་ལྷ་མོ་ལགས་ཀྱིས་ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་སྤེལ་གསུམ་ཐད་དེ་སྔོན་རྒན་རབས་རྣམས་ཀྱིས་ཐུགས་འཁུར་ཆེ་བཞེས་གནང་བའི་སྐོར་དང་། བོད་མི་རིགས་ཀྱི་ནང་ཆོས་དང་གསོ་རིག་གཉིས་ནི་གཞན་ལ་སྨོན་མི་དགོས་པའི་རིག་གཞུང་གལ་ཆེན་ཡིན་ཞིང་། ད་བར་རྒན་རབས་ཚོས་ཧུར་བརྩོན་གྱིས་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བར་ཡི་རང་བསྔགས་བརྗོད་དང་། མ་འོངས་པར་བོད་མི་རིགས་ཀྱི་རིག་གཞུང་གལ་ཆེན་འདི་དག་རྒྱུན་འཛིན་དར་སྤེལ་གཏོང་བར་དོ་ནན་ཡིད་གཟབ་དགོས་ཚུལ ལྷག་པར་གཞུང་འཛིན་སྟངས་འཛིན་འོག་ཚུལ་མཐུན་དགོས་པ། དེ་བཞིན་ད་ཐེངས་ཀྱི་སྨན་རམས་པའི་རྩ་འཛིན་སྒྲིག་གཞི་དང་སློབ་ཚན་བཀོད་སྒྲིག་གི་དམིགས་བསལ་ཚོགས་འདུ་འདིའི་དགོངས་དོན་གཙོ་བོར་གཞི་བཞག་ཐོག་མ་འོངས་པར་སྨན་པ་དཀའ་བཅུ་པ་དང་སྨན་རམས་པའི་ཕྱག་འཁྱེར་དང་སློབ་ཐོན་མཚོན་རྟགས་སྐོར་ཡང་གཞན་གྱིས་ཆ་འཇོག་དང་གཞི་འཛིན་སའི་དན་རྟགས་ལྟ་བུ་ཆགས་ཐུབ་པ་ཞིག་བཟོ་གལ་ཆེ་བ་དང་། མདོར་ན། བོད་ཀྱི་སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་བཅས་ནས་བོད་ཀྱི་སྨན་རྩིས་དང་གསོ་བ་རིག་པ་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་འདུག