༢༠༡༤ ཟླ་ ༧ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༧ ཉིན་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེས་བྷ་ལི་ (G.S Bali) མཆོག་གི་སྐྱེས་སྐར་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་འདུག
དེ་ཡང་གོང་ཚེས་ཉིན་ཀངྒ་ར་རྫོང་ཁོངས་སུ་གཏོགས་པའི་ནཱག་རོ་ཏ་བྷག་ཝན་ (Nagrota Bagwan) གྲོང་སྡེར་ཡོད་པའི་བྱིས་པ་ལྟ་རྟོག་ (Baal mela committee) ཚོགས་པས་གོ་སྒྲིག་འོག ཁུལ་དེའི་གྷན་དྷི་ཐང་ཆེན་དུ་སྐུ་ཞབས་བྷ་ལི་མཆོག་གི་སྐྱེས་སྐར་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བཟོ་གྲྭའི་བློན་ཆེན་སྐུ་ཞབས་མུ་ཀེ་ཤི་ཨག་ནི་ཧོ་ཏི་རི་ (Mukesh Agnihotri) མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཇག་ཇི་ཝན་པཱལ་ Jagjivan Pal ལགས། མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་རཱ་ཀེ་ཤི་ཀཱ་ལི་ཡ་ Rakesh Kalia ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀ་རན་སིངྒ་ Karan Singh ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ཇཡཱ་མཱ་ཧཱ་ཇན་ (Ajay Mahajan) ལགས་སོགས་མངའ་སྡེའི་དཔོན་རིག་ཁག་གཅིག་མགྲོན་འབོད་ལྟར་ཆེད་ཕེབས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་མིག་གི་དབང་པོ་ལོང་སྟེ་ཉམ་ཐག་གྱུར་བ་ཁག་གཅིག་ལ་དམིགས་བསལ་འཁར་རྒྱུག་སྤུས་ལེགས་རེ་རེ་གནང་ཡོད། སྤྱིར་འཁར་རྒྱུག་དེ་དག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་ Indian Institute of Technology (IIT) ཞེས་པས་དེང་དུས་ཀྱི་ལག་ཤེས་ཐོག་ནས་བཟོ་སྐྲུན་གནང་བ་ཞིག་ཡིན་འདུག