༢༠༡༤ ཟླ་ ༧ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ (The Assam tribune) ཨ་སམ་ཊུར་བྷུ་ནི་ཞེས་པའི་གསར་ཁང་ལ་བོད་ཀྱི་གནད་དོན་མ་སེལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་རྙེད་དཀའ་བ་ཡིན་སྐོར་གསུངས་འདུག
དེང་སྐབས་སྲིད་སྐྱོང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༢ ཉིན་སྲིད་སྐྱོང་མཆོག་གིས་ཨ་སམ་ཊུར་བྷུ་ནི་ཞེས་པའི་གསར་ཁང་གི་བཅར་འདྲི་དང་ལེན་སྐབས་གསུང་དོན། རྒྱ་ནག་གཞུང་ནས་བོད་ས་བཙན་བཟུང་མ་བྱས་པའི་གོང་། རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ནི་དཀའ་རྙོག་གང་ཡང་མེད་པའི་རྒྱལ་སྤྱིའི་ཐོག་གི་ས་མཚམས་ཞི་བདེ་ལྷིང་འཇགས་ཤིག་ཆགས་ཡོད། འོན་ཀྱང་དཀའ་ངལ་ངོ་མ་དེ་ནི་རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་པས་ལས་བྱུང་བ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་མེག་མོ་ཧན་གྱི་ས་ཐིག་རྒྱལ་སྤྱིའི་ས་མཚམས་ཤིག་ཏུ་ཁས་ལེན་བྱེད་ཀྱི་མེད། ཅེས་ལན་འདེབས་གནང་ཡོད་པ་མ་ཟད། ལྷག་པར་སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མིའི་རང་ལུས་མེར་སྲེག་སྐོར་གྱིས་གཙོས་བོད་ནང་གི་ད་ལྟའི་གནས་སྟངས། དེ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར་སོགས་ལ་ཡང་གསལ་བཤད་གནང་འདུག
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཉིན་གྲངས་གསུམ་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གཙོ་ཆེ་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་གཙོས་གཞུང་འབྲེལ་དཔོན་རིགས་ཁག་གཅིག་དང་། རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རཱ་ཇེ་ཅན་ངྷིར་ཤཱི་གྷར་ལགས་སོགས་མཇལ་འཕྲད་ཀྱིས་གསུང་མོལ་གནང་འདུག