༢༠༡༤ ཟླ་ ༧ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ་མི་དམངས་ཆིག་འབུམ་བརྒལ་བ་ལྷན་འཛོམས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་༸གོང་ས་མཆོག་བཞུགས་གནས་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་རིས་མེད་ཆོས་བརྒྱུད་ཁག་གི་མཁན་བླ་སྤྲུལ་རྣམ་པ་དང་། ཇ་མུ་ཀ་ཤི་མི་རི་མངའ་སྡེའི་གྲོང་ཁྱེར་ཡར་རྒྱས་ཚན་པའི་བློན་ཆེན་རིག་འཛིན་འཇོ་ར་ལགས། ལ་དྭགས་རང་སྐྱོང་ཡུལ་ལྗོངས་གོང་སྤེལ་ལྷན་ཁང་གི་བློན་ཆེན་སོགས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ། ལྷག་པར་རྒྱལ་ཁབ་འདྲ་མིན་ལྔ་བཅུ་ལྷག་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཆིག་འབུམ་བརྒལ་བའི་དབུས་སུ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རིམ་བཞིན་བཀའ་སྤྱི་གཉིས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་འབྲེལ་ཡོད་གནད་ཡོད་མི་སྣ་སོགས་དང་ཕྱི་རྒྱལ་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ (Richard Gere) རི་ཆ་ཌི་གྷེར་ལགས་ཀྱིས་ཀྱང་འཚམས་འདྲིའི་གསུང་བཤད་གནང་འདུག
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་དབུ་འབྱེད་དང་འབྲེལ་དེར་འདུས་མི་དམངས་ལ་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་དུས་འཁོར་དབང་ཆེན་དང་སྟབས་བསྟུན་ཏེ་ངོས་ཀྱི་སྐྱེས་སྐར་ཁེལ་ཡོད་པར་བརྟེན། འདི་གར་སླེ་ས་གནས་ས་ཐོག་ཏུ་ངོས་རང་གི་སྐྱེས་སྐར་ལ་ཁྱེད་རང་ཚོས་སྨོན་ལམ་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་བཞིན་ལུས་པོ་དངོས་སུ་འདི་གར་བསླེབས་མེད་ཀྱང་ནང་བསམ་བློའི་ཐོག་ནས་གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་དམངས་ལས་སྨོན་དང་དད་དམ་གཡོ་མེད་ཐོག་གནས་པ་ཚོས་ཕྱི་རྟག་ཏུ་མངོན་གསལ་དོད་པོས་ངོས་རང་གི་སྐྱེས་སྐར་ལ་དགའ་སྟོན་བྱེད་ཆོག་གི་མེད།
འོན་ཀྱང་སེམས་ནང་ཁྱེད་རང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ཕྱོགས་མཚུངས་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་སོག་པོ་ཕྱི་ནང་གིས་གཙོས་རུ་སུའི་ཁོངས་གཏོགས་སོག་རིགས་ཚོས་གོ་ཐོས་ལྟར་ན། སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་དགེ་ལྡན་དགོན་པས་འགོ་ཁྲིད་ནས་ངོས་ཀྱི་སྐྱེས་སྐར་སྲུང་བརྩི་ཞུ་བཞིན་ཡོད་འདུག་པས་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་བཞིན་རང་དབང་ཐོག་ནས་ངོས་ཀྱི་སྐྱེས་སྐར་ལ་དགའ་སྟོན་བྱེད་ཐུབ་པའི་རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་དེ་རིང་དྲན་གསོ་གནང་གི་ཡོད་པར་བརྟེན་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།
ལྷག་པར་རྒྱ་ནག་སྐམ་སར་གནས་སྡོད་སེམས་ནང་ནས་ངོས་ལ་དགའ་ཞེན་བྱེད་མཁན་ཚོས་ཀྱང་དེ་ལྟར་དྲན་བཞིན་ཡོད་འདུག དེ་རིང་ངོས་ཀྱིས་འདི་གར་དངོས་སུ་འདུས་པའི་གྲོགས་པོ་རྣམ་པ་ཚོ་དང་། དངོས་སུ་མ་འདུས་པའི་འཛམ་གླིང་གི་ས་ཕྱོགས་གང་དུ་གནས་ཡོད་པའི་གྲོགས་པོ་རྣམ་པ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། སྤྱིར་བཏང་ང་ཚོ་འདིར་བཙན་བྱོལ་བ་ཆགས་ཏེ་རྒྱ་གར་ནང་རང་དབང་ཆ་ཚང་ཞིག་ལོངས་སྤྱོད་ཐུབ་ཀྱི་ཡོད་པར་བརྟེན། ཡུལ་གྲུ་མང་པོར་སླེབས་ཀྱི་ཡོད། ངོས་རང་ས་ཆ་གང་དུ་ཕྱིན་ཡང་། མི་དང་མི་ཐུག་གི་ཡོད་བསམ་པ་ཞིག་མ་གཏོགས། ང་ཨེ་ཤི་ཡའི་མི་ཡིན། ང་བོད་པ་ཡིན། ང་ནང་པ་ཡིན་བསམ་གྱི་མེད། མི་དང་མི་ཐུག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། རང་བཞིན་གྱིས་གཅིག་གིས་གཅིག་ལ་ཡིད་ཆེས་དང་། གྲོགས་པོ་ཆགས་ཀྱི་འདུག དེར་བརྟེན་ཡུལ་གྲུ་ཁག་མང་པོར་ངོས་ཀྱི་གྲོགས་པོ་ཡོད། དཔེར་ན། ཁ་ཆེའི་ཆོས་པ་དང་། ཡི་ཤུ་ཆོས་པ། ཧིན་དྷུའི་ཆོས་པ། ཇིའུ་ཆོས་པ་དེ་དང་དེ་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཁག་གི་ནང་གྲོགས་པོ་མང་པོ་ཡོད། དེ་བཞིན་ཆོས་ལུགས་ཁས་མི་ལེན་མཁན་ཚན་རིག་པའི་ནང་དུའང་གྲོགས་པོ་མང་པོ་ཡོད། ཚང་མས་ངོས་ཀྱི་སྐྱེས་སྐར་ལ་འཚམས་འདྲི་བྱེད་ཀྱི་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེར་བརྟེན་ཁྱེད་རྣམ་པས་ངོས་ཀྱིས་རྟག་ཏུ་རྗོད་བཞིན་པའི་དོན་ཚན་གསུམ་འདི་སེམས་ལ་བཅངས་སྟེ་ངོས་རང་གྲོགས་པོ་ཡིན་པའི་ཆ་ནས་གང་ཐུབ་ད་ལྟ་བར་དུ་གནང་གི་ཡོད་པ་རེད་ལ་མུ་མཐུད་ནས་གནང་རོགས་བརྗོད་རྒྱུ་ཡིན།
དེ་ཡང་དང་པོ། ངོས་རང་འཛམ་གླིང་ཐོག་མི་དུང་ཕྱུར་ ༧༠ ཙམ་ཡོད་པའི་ནང་གཅིག་རེད། ང་ཚོ་མི་ཡིན་པ་མ་ཟད། བདེ་བ་ལས་སྡུག་བསྔལ་མི་འདོད་པ་དང་། སེམས་ནང་ཞི་བདེ་འདོད་ཀྱང་རྣམ་རྟོག་དབང་གིས་མ་སྐྱིད་པ་ཡོང་གི་ཡོད། མི་ཚང་མར་རྣམ་དཔྱོད་ལྡན་ཡོད་པ་དང་། ཚང་མ་མ་ལས་སྐྱེས་ཏེ་ཨ་མ་གཙོ་གྱུར་ཐོག་སོ་སོའི་གཉེན་ཉེའི་བྱམས་བརྩེས་བསྐྱངས་པའི་འོག་འཚར་ལོངས་བྱུང་བ་ཞིག་ཆགས་ཡོད་སྟབས། ང་ཚོ་ཚང་མར་ལྷན་སྐྱེས་ཀྱིས་ཕན་ཚུནབརྩེ་བ་ཡོད། དེར་བརྟེན་མི་སུ་ལ་ཐུག་པ་ཡིན་ན་ཡང་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས། ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པར་བརྟེན། རྐྱེན་སྣ་ཚོགས་ཤིག་འཕྲད་པ་ཡིན་ན་ཡང་། སེམས་ལ་བྱམས་བརྩེ་ཡོད་ན། ཕྱིའི་རྣམ་རྟོག་རུ་འཛིངས་པ་ཡིན་རུང་སེམས་ཞི་བདེའི་ངང་གནས་ཐུབ་པ་ཞིག་ཡོང་ཐུབ་ཀྱི་ཡོད། ལྷག་པར་དེང་སྐབས་འཛམ་གླིང་གི་གནམ་གཤིས་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དེ་ནི་འགྲོ་བ་མིའི་སྤྱིའི་ཁེ་ཕན་ལ་ཐུག་ཡོད། ཁོར་ཡུག་ལ་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས། མི་རིགས་ཀྱི་དབྱེ་བ་མེད། ཐ་ན། བྱ་རི་དྭགས་མཚོན་པའི་སྲོག་ཆགས་ལའང་ཁོར་ཡུག་གི་འབྲེལ་བ་ཡོད་སྟབས། ལ་དྭགས་ནང་ཁོར་ཡུག་ལ་དམིགས་བསལ་དོ་སྣང་བྱེད་པ་ཡག་པོ་འདུག དོ་སྣང་མ་བྱས་ན་ས་སྐམ་ཐལ་རྡུལ་འཚུབ་འཚུབ་འདི་དེ་ལས་སྡུག་རུ་འགྲོ་རྒྱུ་རེད། ང་ཚོས་ཁོར་ཡུག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་འཛམ་གླིང་འདིའི་སྟེང་གནས་པའི་ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་ཐོག་ནས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་། དུས་རབས་ཉེར་གཅིག་པ་འདི་འཚེ་མེད་ཞི་བདེ་དང་བྱམས་བརྩེའི་དུས་རབས་ཤིག་ཡོང་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་རོགས་ཞེས་བརྗོད་རྒྱུ་ཡིན།
གཉིས་པ། ངོས་རང་ནང་པའི་ཆོས་པ་ཞིག་རེད། འཛམ་གླིང་འདིའི་ནང་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་བྱམས་བརྩེ་ཉམས་ལེན་དགོས་པ་གཅིག་གྱུར་གསུང་གི་ཡོད། ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་འཚེ་བ་མེད་པ་རེད། བྱམས་བརྩེ་ཉམས་ལེན་ཡོང་བ་ལ་འགལ་རྐྱེན་ཁོང་ཁྲོ་རེད། དེར་བརྟེན་བཟོད་པའི་ཉམས་ལེན་དང་། དེ་བཞིན་གང་ཞིག་གིས་གནོད་པ་བྱས་པ་ཡིན་ན་ཡང་དེ་ལ་འཁོན་ལན་མི་སློག་པ་རྣམས་གཅིག་པ་རེད། མིའི་ཁམས་དང་མོས་པ་མི་འདྲ་བར་བརྟེན་ནས་ལྟ་གྲུབ་མི་འདྲ་བ་དགོས་ཀྱི་ཡོད། བསམ་བློ་ཡག་པོ་བཏང་ན་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བའི་བསླབ་བྱ་གཅིག་གྱུར་རེད། དེར་བརྟེན་གཅིག་གིས་གཅིག་ལ་གུས་བརྩི་བྱས་ཏེ། ཆོས་ལུགས་མཐུན་སྒྲིལ་བྱེད་ཐུབ་པ་ངེས་པར་དུ་གནང་དགོས། ད་ལྟ་འཛམ་གླིང་འདིའི་ཐོག་ཉིན་རེ་བཞིན་ཆོས་དད་ཀྱི་ཐོག་ནས་མི་སྟོང་ཕྲག་མང་པོ་གསོད་རེས་གཏོང་གི་ཡོད་རེད། དེང་སང་འབར་མ་དང་། ཤྲི་ལང་གར་ནང་པ་དང་ཁ་ཆེའི་བར་འཁྲུག་པ་རྒྱག་པ་དེ་འདྲ་ཡོང་གི་ཡོད། ཧ་ལས་པའི་ཐབས་སྐྱོ་པོ་རེད། ངོས་ཀྱིས་ནམ་རྒྱུན་ཤོད་ཀྱི་ཡོད། ནང་པ་ཚོས་ཁ་ཆེའི་ཆོས་པར་སྡང་ཟུག་ཡོང་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམ་རོགས། གལ་ཏེ་བཅོམ་ལྡན་འདས་ཞལ་བཞུགས་ཡོད་ན། རྡུང་རྡེག་མྱོང་མཁན་གྱི་ཉམ་ཐག་པ་ཚོར་རྒྱབ་སྐྱོར་གནང་གི་རེད། དེར་བརྟེན་ང་རང་ཚོ་ཚང་མས་འགན་ཁུར་ན་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་ཀྱི་རེད། ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས། འཛམ་གླིང་གི་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མ་མཐུན་སྒྲིལ་དམ་གཙང་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་རང་ཉིད་གང་དུ་ཡོད་པའི་ས་ཕྱོགས་དེ་དང་དེའི་ཆོས་ལུགས་ཚང་མ་སྤུན་ཟླ་ལྟར། དམ་ཚིག་གོང་བུ་གཅིག་གྱུར་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན།
དོན་ཚན་གསུམ་པ། ངོས་རང་བོད་པ་རེད། བོད་མི་ས་ཡ་དྲུག་གིས་ངོས་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། རང་བཞིན་གྱིས་སེམས་ཁུར་བྱེད་དགོས་པ་ཞིག་ཆགས་ཡོད། ལྷག་པར་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རིག་པའི་ལམ་ནས་གཏན་ལ་ཕབ་ཐུབ་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་གི་གཅེས་ནོར་རེད། ཅེས་ཤོད་ཀྱི་ཡོད། དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་གལ་ཆེན་པོར་རྩི་བཞིན་ཡོད། ང་ཚོ་བོད་མི་རིགས་ལ་མཚོན་ན་ཡང་། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་ལྟ་གྲུབ་དེ་དག་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད། གང་ལྟར་ཆོས་དད་ཡོད་མེད་གང་ཡིན་རུང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་སྐད་ཡིག་ཐོག་ཡོད་པའི་རིག་གཞུང་གཏིང་ཟབ་དེ་དག་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ཚང་མར་འབོད་སྐུལ་བྱེད་ཀྱི་ཡོད། ཆབ་སྲིད་ནི་དུས་ཀྱི་འགྱུར་བ་སྣ་ཚོགས་འོག་འགྲོ་གི་ཡོད། ངོས་ཀྱིས་ལོ་བཅུ་དྲུག་ནས་ལོ་བདུན་ཅུ་དོན་དྲུག་བར་འགན་ཁུར་བ་ཡིན། དངོས་ཡོད་གནས་ཚུལ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་འབྲས་བུར། བོད་རང་བཙན་མ་རྩོད་པར་རྒྱ་བོད་གཉིས་མོས་ཀྱི་ལམ་ཞིག་བཙལ་ཡོད།
རྒྱ་བོད་གཉིས་མོས་ཀྱི་ལམ་ལ་ཞུགས་པའི་རྒྱུ་མཚན་ལ་བརྟེན་ནས། བོད་ཀྱི་གནས་ཚུལ་ཤེས་མཁན་དང་། ཤེས་ཡོན་ཅན་གཙོ་བོར་གྱུར་པའི་རྒྱ་རིགས་མི་མང་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་དང་ཤ་ཚ་བྱེད་ཀྱི་ཡོད། ཡུལ་གང་དུ་ཡིན་ན་ཡང་མི་མང་ནི་ཡུལ་གྱི་བདག་པོ་རེད། དེར་བརྟེན་མི་མང་གི་ནང་ནས་བདེན་པར་རྒྱབ་སྐྱོར་བྱེད་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་གི་ཡོད། དེར་བརྟེན་ང་ཚོས་གཙོ་བོ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ཟུར་དུ་ཡོད་པ་དེ་དག་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཆབ་སྲིད་འཐབ་རྩོད་ཀྱི་འགྲོ་སྟངས་འཚེ་བ་མེད་པ་དང་བདེན་པ་རྩ་བར་བཞག་སྟེ། དངོས་གནས་རང་རྒྱལ་གཞན་ཕམ་མིན་པར། གཉིས་སྨན་ཐོག་བདེན་མཐའ་གསལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་རོགས་རམ་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་བཤད་གནང་བའི་ཐོག་བདེན་པའི་བདེན་རྒྱབ་གནང་རོགས་བརྗོད་རྒྱུ་ཡིན།
སྤྱིར་བཏང་འཛམ་གླིང་འདིའི་ཐོག་མིག་ལྟོས་ལྟ་བུར། དཀའ་ངལ་འཕྲད་སྐབས་འཚེ་བའི་ལམ་ལ་འགྲོ་རྒྱུ་ཞིག་འདུག དཀའ་ངལ་ག་དུས་ཡིན་རུང་ཕྲན་བུ་གནས་ངེས་རེད། འོན་ཀྱང་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་མ་གཏོགས་དེ་ལས་ལྷག་པའི་ཐབས་ལམ་གཞན་མེད། དེར་བརྟེན་ང་ཚོ་བོད་གངས་ཅན་པས་བདེན་པའི་འཐབ་རྩོད་བྱེད་རྒྱུ་དེ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་དུ་ཕྱིན་པ་དེས་འབྲས་བུ་ཐོན་ཐུབ་པ་ཞིག་བྱུང་ན། འཛམ་གླིང་འདིའི་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་མང་པོ་ཞིག་ལ་མིག་དཔེ་སྟོན་ཐུབ་རྒྱུ་ཞིག་ཆགས་ཡོད། ང་ཚོས་འཚེ་བ་མེད་པའི་གཉིས་ཕན་གྱི་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱས་དང་བྱེད་མུས་ཡིན་པ་དེར་གལ་སྲིད་ཕམ་ཉེས་ཕྱིན་ན། འཛམ་གླིང་གི་མིས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་འབྲས་བུ་འཐོན་རྒྱུ་མེད། ཅེས་བརྗོད་ཀྱི་རེད། དཔེར་ན། བོད་པས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པའི་འཐབ་རྩོད་བྱེད་བཞིན་པར་བདེན་རྒྱབ་གནང་བ་དེ་ནི་བོད་པར་ཤ་ཚ་ནས་བདེན་རྒྱབ་གནང་བ་ཞིག་མ་རེད། འཛམ་གླིང་འདིའི་ཐོག་འཚེ་བ་མེད་པའི་འཐབ་རྩོད་དེ་དངོས་གནས་མིག་དཔེ་སྟོན་ཐུབ་རྒྱུ་ཞིག་དང་། ལམ་སྟོན་བྱེད་རྒྱུ་དེ་གནད་འགག་ཆགས་ཀྱི་འདུག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།
སྐུའི་འཁྲུངས་སྐར་གྱི་མཛད་རིམ་གྲུབ་མཚམས་༸གོང་ས་མཆོག་གིས་མི་མང་ལ་དབུ་མ་རིན་ཆེན་ཕྲེང་བ་དང་བཤེས་སྤྲིངས་ཀྱི་སྔོན་འགྲོའི་གསུང་ཆོས་དབུ་འཛུགས་མཛད་འདུག