༢༠༡༤ ཟླ་ ༧ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཕྱི་ཟླ ༧ ཚེས་ ༡ གི་ཕྱེད་ཡོལ་ཆུ་ཚོད་ ༦།༡༠ ཡས་མས་ཙམ་ལ་སེར་བྱེས་གཙང་པ་མཁན་ཟུར་མཁྱེན་གཏེར་༸རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༢ ཐོག་གདན་ས་ཆེན་པོ་སེ་རའི་གཟིམ་ཤག་ཏུ་ཞིང་ཁམས་གཞན་དུ་བརྗེས་པའི་མཛད་པ་བསྟན་ཡོད་པ་དང་། ཕྱི་ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩ པ་ཙམ་ལ་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད།
དེ་ཡང་༸རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་ནི། གཙང་དགའ་ལྡན་ཕུན་ཚོགས་གླིང་གི་ཉེ་འཁྲིས་བླ་རྙིང་གྲོང་ཚོར་ཡབ་དབང་པོ་དང་། ཡུམ་དམ་ཆོས་ཞུ་བ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༣ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་བའི་ཚེ་ཕུན་ཚོགས་གླིང་དུ་ཕེབས་ཏེ་དགུང་ལོ་བཅུ་གསུམ་ཙམ་ནས་སེར་བྱེས་པྲ་སྟི་དགེ་བཤེས་མཁྱེན་རབ་བག་བྲོ་ལགས་ཀྱི་དྲུང་ནས་བསྡུས་གྲྭ་སོགས་ལ་སྦྱངས་ཤིང་། བློ་འཛིན་དང་རྩོད་རིགས་ལ་ཀུན་ཧ་ལས་དགོས་པའི་གྲགས་པ་རྒྱས། དགུང་གྲངས་ ༡༧ པ་ ༡༩༤༠ ལོར་དབུས་སུ་སློབ་གཉེར་ལ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་རྒན་ལྷུན་གྲུབ་ཐབས་མཁས་ལགས་དང་། རྒན་ངག་དབང་དགེ་འདུན། རྒན་རིག་གསལ་ལགས་རྣམས་དང་། ཁོང་རྣམས་ཀྱི་རྩ་བའི་བླ་མ་ཟླ་མེད་པ་དགའ་ལྡན་ཁྲི་ཐོག་གོ་བཞི་པ་ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་དཔལ་བཟང་པོ་མཆོག་ལ་སོགས་པ་ཚུལ་བཞིན་དུ་བསྟེན་ཏེ། ༸ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཟུང་། གཞུང་ཆེན་མོ་རྣམས་ཀྱི་བཤད་བྱ་རྩ་བའི་མདོ་དང་ དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་མོ་རྣམས་ཀྱི་ཁོག་འབུབས་ལུགས་དང་། རིགས་པའི་ཡན་ལག་ཏུ་མཐའ་དཔྱོད་ཚུལ། བཤད་དོན་ལམ་གྱི་རིམ་པར་སྒྲིག་ལུགས་རྣམས་འོལ་སྤྱི་དང་ཟོམ་འཇོག་ཙམ་མ་ཡིན་པར་ཕུ་ཐག་ཆོད་པར་སྦྱངས་པས་གཞུང་དོན་གདམས་པར་ཤར་བའི་མཁས་གྲགས་དེ་དུས་ནས་རྒྱས། ༡༩༥༦ དང་ ༡༩༥༧ ལོ་སོ་སོར་གཙང་བཀྲ་ཤིས་ལྷུན་པོར་མཁས་མང་རྒྱ་མཚོའི་དབུས་སུ་བརྒལ་བརྟགས་ཀྱི་རྩོད་རིགས་འགྲན་པས་༸རྗེ་འདིའི་ལུང་རིགས་དང་། རྣམ་དཔྱོད་ཀྱི་སྟངས་ཀ་ལ་ཀུན་གྱི་ངོ་མཚར་ཞིང་བསྟོད་པས་དུས་འདའ་བ་བྱུང་ཡོད།
སེར་བྱེས་སུ་ལོ་ངོ་༡༧ ཙམ་ལ་སློབ་གཉེར་གྱི་རྗེས་ཕུན་ཚོགས་གླིང་གི་དགེ་རྒན་དུ་ཕེབས། ༡༩༦༠ ཟླ ༡ པོའི་ནང་ལྷ་རྩེ་རྫོང་ཐོག་ཏུ་རྒྱ་གཞུང་གིས་བཙོན་འཇུག་དོ་དམ་བྱས། ༡༩༦༦ ལོར་བཙོན་གྲོལ་བཏང་སྟེ་ ༡༩༦༩ ཟླ་ ༩ ཚེས་ ༢༩ དགོང་མོར་གསང་སྟབས་ཀྱིས་བྲོས་བྱོལ་དུ་ཕེབས་ཏེ། དང་པོར་འབྲས་ལྗོངས་སུ་རི་ཁྲོད་དུ་བཞུགས་རྩིས་གནང་པར། སེར་བྱེས་གྲྭ་ཚང་ནས་ནན་སྐུལ་གནང་དོན་ལྟར་ལྷོ་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕེབས། ༡༩༧༡ ༸་གོང་ས་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་དང་རྒན་བློ་བཟང་དབང་ཕྱུག་སོགས་དང་མཇལ། ༡༩༧༢ ལོར་གདན་གསུམ་མཁས་མང་ཚོགས་པའི་དབུས་སུ་ལྷ་རམས་ཨང་དང་པོའི་དང་པོ་ཐོན། དུས་དེ་ནས་བཟུང་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་དག་གི་དཔེ་ཁྲིད་རྒྱུན་མཐུད་ནས་གནང་། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེས་བཀའ་འཁྲོལ་ཐོག ༡༩༨༢ བོད་དུ་ཕེབས་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། སེར་བྱེས་མཁན་ཟུར་རྒན་ལྷུན་གྲུབ་ཐབས་མཁས་སོགས་དང་མཇལ་མོལ་ཡང་གནང་། ༡༩༨༧ ལོའི་ཟླ་ ༤ པའི་ཚེས་མགོར་༸གོང་ས་མཆོག་ནས་མཁན་འོས་ཕྱག་རྟགས་གནང་བ་ལྟར་ཚེས་ ༡༡ ལ་ཁྲི་འདོན་གནང་། ༡༩༩༣ ཟླ་ ༨ ཚེས་ ༡༦ ནས་བཟུང་མཁན་ཟུར་དུ་ཕེབས། མཁན་པོ་ལོ་ ༧ གནང་བའི་རིང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཅི་གསུང་བཀའ་བཞིན་བསྒྲུབས་ཏེ་གྲྭ་ཚང་རིན་པོ་ཆེའི་ཆོས་སྲིད་གང་ཅིའི་ཐད་འགྲན་ཟླ་མེད་པའི་མཛད་པ་ཡོངས་སུ་བསྐྱངས་པ་མ་ཟད། ༡༩༩༨ ལོ་ནས་རྫོང་དཀར་ཆོས་སྡེ་དང་། རིམ་བཞིན་བཀྲ་ཤིས་ལྷུན་པོ་གཉིས་ལའང་སྐབས་རེར་ཕེབས་ཏེ་དཔེ་ཁྲིད་བཀའ་དྲིན་བསྐྱངས།
༸རྗེ་བཙུན་བླ་མ་དམ་པ་འདི་ཉིད་༸ནས་༸རྒྱལ་བསྟན་འབའ་ཞིག་ཐུགས་ལ་དགོངས་ཤིང་༸ཉིན་ཁར་མཚན་མཐུད་ཀྱིས་དཔེ་ཁྲིད་གནང་བ་མ་ཟད། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་མཚན་བརྗོད་པ་ཙམ་གྱིས་སྤྱན་ཞག་འཁོར་བ་དང་། ཕྱི་ལོ་ ༢༠༠༦ ལོར་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་གནང་སྐབས། ཕྱག་རྫས་ཡོངས་རྫོགས་༸སྐྱབས་མགོན་རིན་པོ་ཆེར་བརྟན་བཞུགས་སུ་ཕུལ་ཞིང་དེ་དུས་༸གོང་ས་མཆོག་ནས་གསུངས་དོན། “སེར་བྱེས་གཙང་པ་མཁན་ཟུར་རྒན་བློ་བཟང་ལགས་ནས། དུས་རྒྱུན་དཔེ་ཁྲིད་རང་བྱས་ནས་ཡག་པོ་བྱས་པ་རེད། གྲྭ་ཚང་གི་ལས་སྒོའི་ཆོས་སྲིད་གང་ཐད་ལ་གང་ཡོང་ཅི་ཡོང་བྱས་སོང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་གནས་ཁྱད་པར་ཅན་འདིར་གྲྭ་བ་གྲྭ་རྐྱང་ལ་གང་ཡོད་པ་དེ་བཙིར་ནས་ཐམས་ཅད་འདིར་བརྟན་བཞུགས་ལ་འབུལ་བཞིན་ཡོད་པ་རེད་” ཅེས་བཞད་མོ་དང་སྦྲགས་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བསྔགས་བརྗོད་དང་གསལ་བཤད་གནང་བ་དང་།
ཡང་༸གོང་ས་མཆོག་ནས་ཉེ་ཆར་ ༢༠༡༤ ལོར་བོད་ཁྱིམ་སློབ་གྲྭར་སྩལ་པའི་བཀའ་སློབ་ནང་འཁོད་དོན། གྲྭ་སའི་ནང་གི་དངོས་གནས་རྒྱན་དྲུག་མཆོག་གཉིས་ལ་འགྲན་ནུས་པའི་མཁས་པའི་དབང་པོ་མང་པོ་ཞིག་རྫོགས་ཚར་བ་རེད། རྒན་བློ་བཟང་དབང་ཕྱུག་དང་། རྒན་ཉི་མ། རྒན་པདྨ་རྒྱལ་མཚན་སོགས་དགོངས་པ་རྫོགས་ཚར་བ་རེད། ད་ལྟ་ལྷག་བསྡད་པའི་གྲས་དེ་རྒན་གཙང་པ་བློ་བཟང་བཅས་ལས་མི་འདུག ཅེས་གདན་གསུམ་མཁས་མང་གསེར་རི་ཕྲེང་བའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་མཁས་པའི་དབང་པོ་འདི་ཉིད་ལ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དཔག་ཏུ་མེད་པ་ཡོད་ནའང་གཙོ་བོ་གཅིག་ནི། སྐུ་ཆུང་བའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙང་མ་ལ་གནས་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས་ཆོས་ཟབ་མོ་ཐམས་ཅད་ཐུགས་སུ་ཆུད་ཅིང་། དངོས་སྟོབས་ཀྱི་རིགས་པས་གཞི་ལམ་འབྲས་གསུམ་ཐམས་ཅད་གཏན་ལ་འབེབས་པ་འདི་ཡིན་པ་ནི་རྩོད་པ་དང་འཆད་པའི་སྐབས་ཀུན་ལ་མཐུན་སྣང་དུ་གྲུབ་ཅིང་། སྐུ་ཚེ་གང་བོར་བླ་བྲང་དང་ཤག་ཚང་གི་སྤྲོས་པ་དོར་ཏེ། གང་ཤེས་ཐུགས་བརྩེ་བས་སློབ་མ་ལ་འདོམས་པ་དང་། དཔེ་ཁྲིད་དང་དཔེ་ཀློག་གིས་ཉིན་ལས་ཉིན་ཐུང་བ་དང་། མཚན་ལས་མཚན་ཐུང་བའི་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་བཞེས།
ཕྱག་རྫས་གང་ཡོད་བླ་མ་དང་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་བ་ཁོ་ནའི་ཆེད་དུ་བསྔོ་བར་མཛད་ཅིང་། སྐུ་གཤེགས་པའི་ཚེ་ཡང་བླ་བྲང་དང་ཤག་ཚང་གི་སྤྲོས་པ་གང་ཡང་མེད་པས་བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུའི་མཛད་པ་ཀུན་ལ་གོ་བར་མཛད་པ་འདི་ཡིན་པས། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་བླ་མའི་མཛད་པར་ཁ་མིག་ཡར་ལྟ་རེ་ཨེ་ཡོང་ལ་འབད་པ་བྱ་རྒྱུ་འདི་གནད་ཀྱི་དོན་པོ་ལགས།