༢༠༡༤ ཟླ་ ༧ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །རྒྱ་གར་རྒྱལ་ས་དིལླིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཚོགས་པ་ Bharat Tibbat Sahyog Manch དང་མདྱཱ་པར་དེ་ཤིའི་མངའ་སྡེའི་རྒྱལ་ས་བྷོ་པཱལ་ནང་རྟེན་གཞི་བྱས་པའི་ཧིན་དྷིའི་སྐད་ཡིག་གཙུག་ལག་སློབ་གཉེར་ཁང་ Atal Bihari Hindi Vishwavidyalaya གཉིས་ཀྱིས་གོ་སྒྲིག་འོག་མདྱཱ་པར་དེ་ཤིའི་མངའ་སྡེའི་རྒྱལ་ས་བྷོ་པཱལ་ནང་དུ་དཔའ་བོ་རྗེས་དྲན་གྱི་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་ཐོག་འཛིན་པའི་རྒྱ་གར་གཞུང་གི་སྲིད་བྱུས་དང་བོད་ཀྱི་གནད་དོན་སྐོར། ཞེས་པའི་ལྷན་ཚོགས་ཤིག་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༧ རེས་གཟའ་ཉི་མའི་ཉིན་ཚོགས་ཡོད། ལྷན་ཚོགས་སྐབས་མངའ་སྡེའི་ས་ཕྱོགས་གང་ས་ནས་ཚོགས་མི་གྲངས་ ༡༥༠ ལྷག་ཕེབས་ཡོད། ཐེངས་འདིའི་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་གནད་དོན་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་ཆེད་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྒྱབ་སྐྱོར་གྱི་ཐབས་ལམ་འཚོལ་ཐབས་བྱ་རྒྱུ་ཡིན་འདུག དེ་ཡང་ལྷན་ཚོགས་སྐབས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀེ་སི་ཨག་ནི་ཧོ་ཏི་རི་ Dr. K. C. Agnihothriལགས་སྐུ་མགྲོན་གཙོ་བོ་ཡིན་འདུག ཁོང་གིས་སྐབས་དེར་གསུང་དོན།
འཕགས་བོད་འབྲེལ་མཐུད་ཚོགས་པ་བཙུགས་ནས་ད་བར་ལོ་ ༡༥ ཙམ་འགྲོ་བཞིན་ཡོད། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་རྡ་སར་བཙུགས་པ་རེད། ཅེས་གསུངས་པ་མ་ཟད། ཁོང་གིས་སྐབས་དེར་འཕགས་བོད་གཉིས་ཡུན་རིང་ལོ་རྒྱུས་ཐོག་འབྲེལ་བ་ཡོད་སྐོར་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་གོང་རྒྱ་གར་དང་བོད་གཉིས་ས་མཚམས་ས་འབྲེལ་བྱས་ནས་གནས་ཡོད་སྐོར་དང་། ༸གོང་ས་མཆོག་གིས་རྒྱ་གར་བོད་པའི་བླ་མ་དང་བོད་པ་རྒྱ་གར་གྱི་སློབ་མ་ཡིན་སྐོར་བཀའ་སྩོལ་བཞིན་པ་ལུང་འདྲེན་ཞུས་འདུག
ཕྱོགས་མཚུངས་སྐབས་དེར་ཁོང་གིས་གངས་ཏི་སི་དང་མཚོ་མ་ཕམ་གཉིས་རྒྱ་གར་ཧིན་དྷུའི་ལྷ་ཆེན་དབང་ཕྱུག་གི་གནས་ཡིན་པ་དེ་བོད་ཡིན་སྐོར་གསུངས་པ་དང་སྦྲགས། བོད་སྐད་ཀྱི་ཐ་སྙད་ནང་དབང་ཕྱུག་དང་སྒྲོལ་མ་སོགས་ནི་རྒྱ་གར་གྱི་ཐ་སྙད་ནང་ཤི་ཝ་དང་ཏཱ་ར་ཞེས་ཡོངས་གྲགས་ཤིག་ཆགས་ཡོད། ཕྱི་ལོ་ ༡༩༥༤ ལོར་རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་ཚུལ་ཁྲིམས་ལྔ་ “Panchsheel Agreement” སྲུང་བརྩི་བྱ་རྒྱུའི་གྲོས་མཐུན་བཞག་ཡོད། སྐབས་དེར་རྒྱ་གར་གཞུང་གིས་བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཁས་ལེན་བྱས་ཡོད། རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་ཚུལ་ཁྲིམས་ལྔ་སྲུང་རྒྱུའི་གྲོས་མཐུན་བཞག་པ་དེ་ལ་བརྟེན་ནས་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གཞུང་གིས་རྒྱ་གར་ནང་བཙན་འཛུལ་བྱས་ཡོད། དུས་དེ་ནས་བཟུང་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཞིག་གཏོང་དགོས་པ་ཆགས་ཡོད། དེར་བརྟེན་བོད་ཀྱི་གནད་དོན་སེལ་རྒྱུ་ནི་རྒྱ་གར་རང་ཉིད་ལ་ཁེ་ཕན་ཡོད་པ་ཞིག་ཆགས་ཡོད། ཅེས་གསུངས།
གཞན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱིས་བོད་དོན་འཐབ་རྩོད་སྐོར་གསུངས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་དང་། རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་གང་མགྱོགས་སེལ་ཐུབ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་༸གོང་ས་མཆོག་དང་བོད་མིའི་སྒྲག་འཛུགས་ལྷན་གྲོས་མོལ་ཡོང་ཐབས་གནང་དགོས་པ་དང་། རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་འོག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་གནང་དགོས་པ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་ཀྱི་གནད་དོན་གལ་ཆེར་འཛིན་ནས་འབྲེལ་བ་གནང་དགོས་པ། བཅས་དོན་མཚན་གསུམ་ཐོག་རེ་འདུན་བཏོན་ཡོད། འདི་ལོའི་ཕྱི་ཟླ་ ༡༡ ནང་འཕགས་བོད་འབྲེལ་མཐུད་ཚོགས་པས་གོ་སྒྲིག་འོག་རྟ་དབང་དུ་གོམ་བགྲོད་གནང་རྒྱུ་ཡིན་འདུག གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཆེད་ཡིན་འདུག ལྷན་ཚོགས་ཀྱི་མཇུག་བསྡོམས་སྐབས་འཕགས་བོད་འབྲེལ་མཐུད་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཇག་དི་ཤི་ཇོ་ཤི་ Shri Jagdish Joshi ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག