༢༠༡༤ ཟླ་ ༧ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན།
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ ༢༠༡༣ ལོར་སློབ་ཡོན་འཆར་གཞི་གསར་པ་འགོ་འཛུགས་ཞུས་ཡོད་པ་དང་། འདི་ལོར་དབུས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དགེ་རྒན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམ་པ། དེ་བཞིན་འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་རང་རིགས་ན་གཞོན་བོུ་དང་བུ་བཅས་ལ་སོ་སོའི་ཤེས་ཚད་གོང་མཐོར་གཏོང་ཐབས་ཆེད་དམིགས་ཡིག་འགྲུལ་ལམ་ནས་སློབ་གཉེར་བྱ་འདུན་ཡོད་རིགས་ལ་གཤམ་གསལ་སློབ་ཡོན་གྲངས་ ༥༠ ཐམ་པ་གསར་དུ་གནང་གཏན་འཁེལ་སོང་བའི་འདོད་མོས་ཡོད་རིགས་ནས་འདི་ལས་སུ་འཚང་སྙན་དུས་ཐོག་འབུལ་དགོས་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན།
སློབ་ཡོན་གྱི་ཆ་བགོས་གཤམ་གསལ་ལྟར་དང་སློབ་ཡོན་དངུལ་འབབ་མི་རེར་སྒོར་ ༡༠,༠༠༠ རེ་གནང་རྒྱུ་ཡིན།
སྡེ་ཚན།
ཀ༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭའི་བོད་རིགས་དགེ་རྒན་རྣམ་པའི་ཆེད་སློབ་ཡོན་གྲངས་ ༢༠ ཡོད། སློབ་གཉེར་བྱ་བློ་ཡོད་རིགས་ནས་སོ་སོའི་འབྲེལ་ཆགས་སློབ་གྲྭའི་འཛིན་སྐྱོང་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུ་འབུལ་དགོས་རྒྱུ། ངོས་སྦྱོར་ནང་ཞབས་ལོའི་དུས་ཡུན་གསལ་འཁོད་ཐོག་དོ་བདག་གི་དང་བླངས་དཔྱ་ཁྲལ་ཕོགས་འབབ་ ༢༠༡༣ ཟླ་ ༡༢ བར་ཕུལ་ཟིན་པའི་འབྲེལ་ཡོད་རང་བདེན་ཚོགས་ཆུང་ནས་དེ་འབྲེལ་ངོས་སྦྱོར་ཞུ་འབུལ་དགོས་རྒྱུ།
ཁ༽ དབུས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ལས་བྱེད་འདེམས་ལྷན་གྱི་བསྐོ་བཞག་བྱས་པའི་ལས་བྱེད་ངོ་མ་དང་ཟུར་འཇོག་ས་མིག་ཐོག་ཡོད་པའི་རང་ཁོངས་ལས་བྱེད་རྣམས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་(Bachelor/Master degree) སློབ་ཚན་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་གཉེར་བྱ་བློ་ཡོད་རིགས་ནས་སོ་སོའི་ལས་ཁུངས་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུ་འབུལ་དགོས། ངོས་སྦྱོར་ནང་ཞབས་ལོ་དུས་ཡུན་གསལ་འཁོད་དགོས་རྒྱུ།
ག༽ ད་བར་འཛིན་རིམ་བཅུ་གཉིས་ཐོན་ཡང་མཐོ་སློབ་ཏུ་བསྐྱོད་མ་ཐུབ་པར་བར་ལྡིང་དུ་ལུས་པའི་སློབ་ཕྲུག་བོུ་ ༡༠ དང་བུ་ ༡༠ བཅས་ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ཆེད་སློབ་ཡོན་གྲངས་བསྡོམས་ ༢༠ ཡོད། སྡེ་ཚན་འདི་ཐོག་ཞུགས་བློ་ཡོད་རིགས་ནས་གཤམ་གསལ་ཡིག་ཆ་ཁག་སྙན་ཞུའི་མཉམ་འབུལ་དགོས་རྒྱུ།
༡། འཛིན་རིམ་བཅུ་པ་དང་། བཅུ་གཉིས་བཅས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks card) ངོ་བཤུས།
༢། དོ་བདག་ནས་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༣། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་བཏང་ཟིན་པ་ཡིན་ཚེ་འབྲེལ་ཡོད་ལས་ཁུངས་ནས་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས།
༤། བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་དང་། ཀ་རྡོར་སྒང་གསུམ། རྒྱ་གར་བྱང་ཤར་མཐའ་མཚམས་ས་ཁུལ་ཁག་ཅིག་ཏུ་ཡོད་པའི་བོད་རིགས་འཁྲུལ་མེད་ཡིན་པ་གང་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་པའི་སྡེ་ཁག་ཅིག་ལ་དམིགས་བསལ་གཏོང་རྒྱུ་ཡིན་པའི་བོད་མི་སྐྱབས་བཅོལ་བའི་སྒྲིག་ཁོངས་ཡིན་པ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ངོས་སྦྱོར་འབུལ་དགོས།
ཐུགས་སྣང་དགོས་པའི་གནད་དོན་གཞན་ཁག
༡། དགོས་མཁོའི་ཡིག་ཆ་ཁག་གི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གྱི་སྲི་ཞུ་ལས་བྱེད་ནས་ཞིབ་གཤེར་དག་མཆན་བཀོད་དགོས།
༢། སོ་སོའི་འཚང་སྙན་དང་ཡིག་ཆ་ཁག ༢༠༡༤ ཟླ་ ༡༠ ཚེས་ ༣༠ འགྱངས་མེད་འདི་གར་འབུལ་འབྱོར་ཐུབ་དགོས།
༣། སྡེ་ཚན་ཀ༽དང་ཁ༽གཉིས་ཀྱི་འཚང་སྙན་འབུལ་མཁན་གྱི་ཞབས་ལོ་མཐོ་རིམ་གཞིར་བཟུང་འདེམས་སྒྲུག་གནང་རྒྱུ།
༤། སྡེ་ཚན་ག༽པའི་སློབ་ཕྲུག་སོ་སོའི་ཡིག་རྒྱུགས་གྲུབ་འབྲས་ལྟར་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་གནང་རྒྱུ།
༥། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༦། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། གློག་འཕྲིན། ཁ་པར་ཨང་སོགས་ཁ་གསལ་འགོད་དགོས་པ་བཅས།
Secretary
Department of Education, CTA
Gangchen Kyishong
Dharamsala-176215
Distt. Kangra, Himachal Pradesh
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.tcewf.org or www.sherig.org/tb