༢༠༡༤ ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ནོ་སྦེལ་གཟེངས་རྟགས་བཞེས་མཁན་སློབ་དཔོན་ཆེན་པོ་ (Baruch Blumberg) མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། ཁོང་ནི་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་འབུ་ཕྲ་མོ་ངོས་འཛིན་གནང་མཁན་ཐོག་མ་དེ་ཆགས་ཡོད། ཉིན་དེ་ནི་འཛམ་གླིང་ཁྱོན་ཡོངས་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་གོ་རྟོགས་ཁྱབ་སྤེལ་དང་། སྔོན་འགོག་བྱེད་ཐབས་ཀྱི་ལས་འགུལ་སྤེལ་རྒྱུའི་ཉིན་མོ་ཞིག་ཏུ་སྲུང་བརྩི་བྱེད་ཀྱི་ཡོད། ལོ་ལྟར་མཆིན་པའི་གཉན་ཚད་ཀྱི་ནད་གཞི་གསར་པ་དང་གཅོང་ནད་ཀྱིས་རྐྱེན་པས་ཁྱོན་བསྡོམས་མི་ས་ཡ་ ༡་༤ ཙམ་རྐྱེན་འདས་སུ་འགྲོ་ཡི་ཡོད། དེ་ལྟ་ནའང་ད་བར་མཆིན་པའི་གཉན་ཚད་ཀྱི་ནད་གཞི་དེ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་། ཐོབ་ཐང་དང་འཁོས་བབས་ཞན་པའི་སྤྱི་ཚོགས་ཁྲོད་ཤེས་རྟོགས་མེད་པའམ་སྣང་མེད་དུ་འགྲོ་བཞིན་ཡོད།
དེར་བརྟེན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འདི་ལོའི་འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་བརྗོད་གཞིར”མཆིན་པའི་གཉན་ཚད་ནད་གཞིའི་ཐོག་བསྐྱར་དུ་མནོ་བསམ་བཞེས་དང་” ཞེས་འདོགས་གནང་མཛད་ཡོད། བརྗོད་གཞི་དེས་གཤམ་གྱི་དོན་ཚན་ལྔའི་ཐོག་དམིགས་ཡོད་དེ། དེ་དག་ནི་གོ་རྟོགས་དང་། སྔོན་འགོག སྨན་ཁབ། དབྱེ་འབྱེད། ཆ་ཤས་བླང་རྒྱུ་བཅས་རེད། འདི་ལོའི་བརྗོད་གཞི་དེས་ཁུ་སིམ་པོའི་ངང་རྐྱེན་འདས་སུ་གཏོང་མཁན་གྱི་ནད་གཞི་དེའི་ཡོངས་གྲགས་སུ་མ་གྱུར་པའི་དོན་དངོས་རྣམས་ཀྱི་ཐོག་བསྐྱར་དུ་མནོ་བསམ་བཞེས་རྒྱུ་དང་། ཁྱད་པར་དུ་འཆར་གཞི་གཏན་འབེབས་བྱེད་མཁན་གྱི་གང་ཟག་དང་། འཕྲོད་བསྟེན་ལྟ་སྐྱོང་གི་ལས་བྱེད་རུ་ཁག དེ་བཞིན་མང་ཚོགས་སྤྱི་ཡོངས་བཅས་ཀྱི་མཉམ་རུབ་ཀྱི་འབད་བརྩོན་བརྒྱུད་དེ་མཆིན་པའི་གཉན་ཚད་དང་འབྲེལ་བའི་ཛ་དྲག་ཏུ་གྱུར་པའི་མང་ཚོགས་ཀྱི་འཕྲོད་བསྟེན་དཀའ་ངལ་རྣམས་སེལ་ཐབས་སུ་དོ་འཁུར་བྱེད་ཀྱི་ཡོད།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ལྟ་བུའི་ནད་གཞི་འདི་ནི་བོད་མིའི་སྤྱི་ཚོགས་ནང་མང་ཚོགས་ཀྱི་འཕྲོད་བསྟེན་དཀའ་ངལ་ཆེ་བ་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད། མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱ་རྒྱུ་ཧ་ཅང་རིན་གོང་ཆེ་བས་ནད་གཞི་འདིས་ཟིན་པའི་གང་ཟག་རྣམས་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པར་མ་ཟད། ཚེ་སྲོག་ཤོར་བ་དང་། ལས་ཀ་བྱེད་མ་ཐུབ་པ། འཚོ་ཐབས་སྐྱོ་པོའི་ངང་མི་ཚེ་སྐྱེལ་དགོས་པ་སོགས་ཡོང་གི་ཡོད། མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞིའི་ཁྱབ་འཕེལ་གྱི་གྲངས་ཐོ་ཁ་གསལ་ཞིག་མེད་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་སྔོན་འགོག་བྱ་ཆེད་དགོས་ངེས་ཀྱི་ལས་འཆར་འཆར་འགོད་བྱ་རྒྱུར་འགོག་རྐྱེན་འཕྲད་བཞིན་ཡོད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་དང་། ཇོ་ཧན་ཧོབ་ཀིན་གཙུག་ལག་སློབ་གཉེར་ཁང་མཉམ་རུབ་ཀྱི་ཐོག་ནས་ཕྱི་ལོ་ ༢༠༡༣ ལོར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁོངས་མི་གྲངས་ ༢༧༦༩ ཙམ་ལ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ཁྱབ་འཕེལ་ཇི་བྱུང་ཐད་བརྟག་དཔྱད་གནང་ཡོད། སྔོན་འགྲོའི་བརྟག་དཔྱད་ལྟར་གཞིགས་ན་གཅོད་ནད་དུ་གྱུར་པའི་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ཁྱབ་འཕེལ་གྱི་བརྒྱ་ཆ་ནི་ ༨་༩ ཡིན་པ་ར་འཕྲོད་བྱུང་ཡོད།
འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) དཀའ་ངལ་ཉུང་དུ་གཏོང་ཆེད་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་སྔོན་འགོག་ལས་འཆར་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་འབད་བརྩོན་ལྷོད་མེད་ཞུ་བཞིན་ཡོད། མ་དང་བྱིས་པའི་ལས་གཞིའི་འོག་རང་ལོ་ ༥ མན་གྱི་བྱིས་པ་ཡོངས་རྫོགས་ལ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་སྔོན་འགོག་གི་ཁབ་དང་(Immunoglobulin)སྨན་ཁབ་རིན་མེད་ཐོག་མཐུན་འགྱུར་ཞུ་བཞིན་ཡོད། མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ཕོག་ཟིན་པའི་གཞོན་སྐྱེས་རྣམས་ལ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) གཅོང་ནད་དང་མཆིན་པའི་འབྲས་ནད་ཆགས་རྒྱུའི་ཉེན་ཁ་ཆེ་བས། སྔོན་འགོག་གི་སྨན་ཁབ་རྒྱག་མྱོང་མེད་པའི་རང་ལོ་དྲུག་ཡན་གྱི་ཕྲུ་གུ་རྣམས་ལ་མཆིན་པའི་གཉན་ཚད་བརྟག་དཔྱད་བྱ་རྒྱུ་དང་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད། དེར་བརྟེན་”སློབ་ཕྲུག་ཚོའི་ཁྲོད་དུ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་སྔོན་འགོག་ལས་འཆར་” ཞེས་པའི་མིང་ཐོག་ནས་འདི་ལོ་རང་ལོ་ ༦ ནས་ ༡༨ བར་གྱི་སློབ་ཕྲུག་ཁྱོན་བསྡོམས་གྲངས་ཉིས་སྟོང་ཙམ་ལ་ནད་གཞི་བརྟག་དཔྱད་དང་། སྨན་ཁབ་རྒྱག་རྒྱུའི་ལས་འཆར་གསར་པ་ཞིག་འགོ་འཛུགས་བྱེད་འཆར་ཡོད།
དེ་ཙམ་དུ་མ་ཟད་ང་ཚོས་ (Rochester) དང་ (Hawaii)གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་བྱས་ཏེ་ཕྱི་ལོ་ ༢༠༡༤ ཟླ་ ༥ པའི་ནང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སླེ་དང་བྱང་ཐང་ས་ཁུལ་དུ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ཡོད་མེད་འདྲི་རྩད་ཀྱི་ལམ་ནས་རྟོག་ཞིབ་བྱ་རྒྱུའི་ལས་འཆར་ཞིག་ལག་བསྟར་ཞུས་པ་ཡིན། དེའི་དམིགས་ཡུལ་གཙོ་བོ་བོད་མིའི་མང་ཚོགས་ཁྲོད་མཆིན་པའི་གཉན་ཚད་ནད་གཞིའི་ཐོག་ཚོར་སྣང་དང་གོ་རྟོགས་ཀྱི་ཚད་གཞི་ཇི་ཙམ་ཡོད་མེད་ཤེས་རྟོགས་ཆེད་དུ་ཡིན། རྟོག་ཞིབ་དེའི་གྲུབ་འབྲས་ཀྱིས་འཕྲོད་བསྟེན་ལས་ཁུངས་ལ་མ་འོངས་པར་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་པའི་གཉན་ཚད་ནད་གཞི་སྔོན་འགོག་གི་ལས་གཞི་རྣམས་ཚུལ་ལྡན་གྱི་སྒོ་ནས་འཆར་གཞི་བསྒྲིག་རྒྱུ་ཕན་ཐོགས་བྱེད་ཀྱི་ཡོད།
དེ་མ་ཟད་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་སློབ་གསོའི་ཚན་པ་ནས་ཨིན་བོད་གཉིས་ཀའི་སྐད་ཡིག་ཐོག་འཕྲོད་བསྟེན་སློབ་གསོའི་དུས་དེབ་དཔར་སྐྲུན་དང་། ས་གནས་འཕྲོད་བསྟེན་ལས་བྱེད་ཀྱིས་འཕྲོད་བསྟེན་སློབ་གསོའི་ཚོགས་འདུ་སྐོང་ཚོགས་དང་། ཕྱོགས་བསྐྱོད་ཀྱིས་འཕྲོད་བསྟེན་སློབ་གསོ་ཁྱབ་སྤེལ་བྱས་པ་བརྒྱུད་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞིའི་ཐོག་གོ་རྟོགས་སྤེལ་རྒྱུ་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ད་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་ཏེ་ངོས་ནས་བོད་རིགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུར།
༡ མཆིན་པའི་གཉན་ཚད་སྤྱི་དང་། ཁྱད་པར་དུ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B)ནད་གཞིའི་སྐོར་ལ་སློབ་གཉེར་དང་ཤེས་རྟོགས་གནང་དགོས།
༢ མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་བརྟག་དཔྱད་བྱེད་དགོས་པ་དང་། གལ་ཏེ་རང་ཉིད་སྨན་བཅོས་བྱེད་དགོས་ཡོད་ཚེ་འབྲེལ་ཡོད་ཁྱབ་ཁོངས་སྨན་ཁང་ནས་ལམ་སྟོན་ཞུ་དགོས།
༣ མཆིན་པའི་གཉན་ཚད་ཀྱི་ནད་གཞི་དེ་དག་ཁྲག་གི་བརྒྱུད་ནས་ཡོང་གི་ཡོད་སྟབས་སོ་འཁྲུད་དང་། སྐྲ་གྲི། ཁབ་ལྟ་བུའི་ནད་འབུ་འགོ་ཉེན་ཆེ་བའི་དངོས་པོའི་རིགས་ནམ་ཡང་མཉམ་སྤྱོད་མི་བྱེད་པའི་དྭོགས་ཟོན་བྱ་དགོས། རང་ཉིད་ཀྱི་བཟའ་ཟླ་དང་ལྷན་རྒྱུན་དུ་འགོག་སྲུང་ཐུབ་པའི་འཁྲིག་སྤྱོད་བྱ་གལ་ཆེ།
༤ གལ་ཏེ་རང་ཉིད་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞིས་ཟིན་པའི་སྦྲུམ་མ་ཞིག་ཡིན་ཚེ། ཁྱེད་རང་གི་ཕྲུ་གུ་བཙས་རྗེས་སུ་ཕྲུ་གུར་ཨ་མའི་ས་ནས་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་མི་འགོ་བར་འགོག་ཐུབ་ཆེད་ (Immunoglobulin)སྨན་ཁབ་རྒྱག་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད།
༥ གལ་ཏེ་ཁྱེད་ཀྱི་ནང་མི་གང་རུང་ཞིག་ལ་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ཡོད་ཚེ། ནང་མི་གཞན་རྣམས་བརྟག་དཔྱད་དང་སྔོན་འགོག་གི་ཁབ་ཚུལ་བཞིན་རྒྱག་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད།
༦ མཐའ་མར་རང་ཉིད་དང་རང་ཉིད་ཀྱི་བུ་ཕྲུག་དང་བཅས་པར་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ལས་སྐྱོབ་ཆེད་རང་རང་གི་ས་གནས་སྨན་ཁང་ནས་མཆིན་པའི་གཉན་ཚད་སྦིའི་ (Hepatitis B) སྔོན་འགོག་ཁབ་གསུམ་ཆ་ཚང་བ་རྒྱག་དགོས།
ངོས་ནས་བོད་མི་ཚང་མས་མཆིན་པའི་གཉན་ཚད་ཀྱི་ནད་གཞི་དང་། དེ་ཇི་ལྟར་སྔོན་འགོག་བྱེད་ཚུལ་ཐད་ཤེས་རྟོགས་མང་ཙམ་བྱ་རྒྱུར་ཁས་ལེན་གནང་རོགས་ཞེས་སྐུལ་ལྕག་གཏོང་གི་ཡོད། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས། དགོན་སྡེ། སློབ་གྲྭ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱི་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་ང་ཚོས་བོད་མི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་ཀྱི་ནད་གཞི་སྔོན་འགོག་དང་། གོ་རྟོགས་རྒྱ་ཆེ་དང་སྲ་བརྟན་ཞིག་སྤེལ་ཏེ། མཆིན་པའི་གཉན་ཚད་སྦིའི་ (Hepatitis B) ནད་གཞི་ཕྱོགས་ཡོངས་ནས་རྩ་མེད་བཟོ་ཐུབ་རྒྱུར་ངོས་ནས་ཡིད་ཆེས་ཞུ་བཞིན་ཡོད་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༨ ལ།།