༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །སྨན་པ་བསྟན་འཛིན་དབང་གྲགས་ལགས་དང་བསྟན་འཛིན་ཚེ་དབང་ལགས་གཉིས་ནས་ཀང་རཱར་རྟེན་གཞི་བྱས་པའི་རཱ་ཇིནྡྲཱ་པྲཱ་སཱད་སྨན་པའི་མཐོ་སློབ་ནས་ Dr Rajendra Prasad Government Medical College སྨན་པའི་སློབ་སྦྱོང་ MBBS ལེགས་པར་ཐོན་ཏེ་འདི་ལོའི་ཕྱི་ཟླ་ ༩ ནང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སྨན་ཁང་དང་། ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ཕན་བདེ་སྨན་ཁང་དུ་ལས་ཁུར་མ་ཞུས་གོང་ཟླ་བ་འདིའི་ཕྱི་ཚེས་ ༡༥ ནས་བདེ་སྐྱིད་གླིང་དང་སྦིར། སྦེལ་ཀོབ་བཅས་སུ་སྨན་པ་བགྲེས་པ་དང་མཉམ་དུ་ཕྱག་ལས་གནང་རྒྱུ་ཡིན་འདུག
ཁོང་གཉིས་ནས་སྨན་པའི་སློབ་སྦྱོང་ཐོན་རྗེས་ཉུང་མཐར་ལོ་གསུམ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་ནང་ཞབས་འདེགས་ཞུ་མ་ཐུབ་ཚེ་གུན་གསབ་ཧིན་སྒོར་འབུམ་ཉི་ཤུ་ཐམ་པ་འཕྲོད་བསྟེན་ལས་ཁུངས་སུ་ཕྱིར་སློག་བྱ་རྒྱུའི་གན་རྒྱ་གསར་པ་དེར་མོས་མཐུན་གནང་ཡོད།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྨན་པ་རྣམ་གཉིས་ལ་ལས་དོན་ཁག་དོན་འཁྱོལ་ཡོང་བའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གཉིས་ནས་རང་གི་འཇོན་ཐང་ལ་དཔག་པའི་བོད་མི་རྣམས་ལ་གང་ཐུབ་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད་པ་དང་། ད་ལྟ་སྨན་པའི་སློབ་སྦྱོང་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་སྨན་སློབ་ MBBS ཐོན་རྗེས་བོད་པའི་སྤྱི་ཚོགས་ཁྲོད་ཞབས་ཞུ་བསྒྲུབ་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྨན་པའི་ཟུར་བཅད་ཞབས་སྟེགས་ཐོག་སྨན་པའི་སློབ་སྦྱོང་གནང་ནས་ཕྱིར་འཁོར་མཚམས་གན་རྒྱའི་འབྲུ་དོན་ལྟར་འཕྲོད་བསྟེན་ལས་ཁུངས་སུ་ཉུང་མཐར་ལོ་གསུམ་ཞབས་ཞུ་བསྒྲུབ་དགོས། སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་གར་དང་བལ་ཡུལ་ནང་སྨན་ཁང་ཆེ་བ་བདུན་དང་། སྨན་ཁང་ཆུང་འབྲིང་བསྡོམས་ ༤༣ ཡོད། ད་ཆར་བྷི་ཀ་ནེར་དང་སིམ་ལ། ཀངྒ་ར། ཀོལ་ཀ་ཊ་བཅས་སུ་བོད་རིགས་སྨན་པའི་སློབ་སྦྱོང་གནང་བཞིན་པ་སློབ་མ་བཅུ་དྲུག་ཡོད་པ་དང་། ཁོང་རྣམས་ཀྱིས་འཕྲོད་བསྟེན་ལས་ཁུངས་དང་གན་རྒྱ་བཞག་ཡོད།
ཕྱོགས་མཚུངས་མོན་གྷོ་གཞིས་ཆགས་ནས་ཨེམ་བྷི་བྷི་ཨེ་སི་སྨན་པའི་སློབ་སྦྱོང་གནང་མཁན་གསུམ་དང་བལ་ཡུལ་རྡ་ས། མ་ན་ལི། ཀོ་ལེ་གལ། སོ་ན་ད་བཅས་ནས་ཨེམ་བྷི་བྷི་ཨེ་སི་སྨན་པའི་སློབ་སྦྱོང་གནང་མཁན་རེ་རེ་བཅས་ཁྱོན་ཨེམ་བྷི་བྷི་ཨེ་སི་སྨན་པའི་སློབ་སྦྱོང་གནང་མཁན་བརྒྱད་འདུག
བོད་མིའི་གཞིས་ཆགས་མིའོ་དང་ཨོ་རི་ས། མེན་སྤར། བྷན་ད་ར། ལ་དྭགས་བཅས་སུ་ད་དུང་ཛ་དྲག་འོག་ཨེམ་བྷི་བྷི་ཨེ་སི་སྨན་པ་ཉུང་མཐར་རེ་རེ་དགོས་པ་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་གནང་བཞིན་ཡོད་པ་བཅས།།