༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད། ཕྱི་ལོ་ ༢༠༡༤ ཟླ་བ་ ༧ ཚེས་ ༦ ཉིན་མོན་གྷོ་འདོད་རྒུ་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༧རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བདུན་བཅུ་དོན་དགུར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཟབ་རྒྱས་ངང་ཉིན་གྲངས་ ༣ རིང་སྲུང་རྩིས་ཞུས་ཡོད།
དེ་ཡང་ཕྱི་ལོ་༢༠༡༤ ཟླ་ ༧ ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང་གདན་ས་ཁག་གི་མཁན་ལས་ཟུར་དང་དགེ་བསྐོས་རྣམ་པ། ས་འཐུས་ཚོགས་གཙོའི་ལས་ཚབ། ས་གནས་འགོ་འཛིན་གྱི་ལས་ཚབ། རང་བདེན་ཚོགས་གཙོའི་ལས་ཚབ། གཏན་སློབ་ཀྱི་སློབ་སྤྱི། མཉམ་སྦྲེལ་གྱི་ཚོགས་གཙོ་བགྲེས་གཞོན་གཉིས་དང་ཚོགས་མི། བླ་སྤྱི་དང་གདན་ས་ཁག་གི་ཕྱག་མཛོད་རྣམ་པ། ཕྱི་ནང་སྨན་ཁང་གི་འགན་འཛིན་དང་སྨན་པ་ལྷན་རྒྱས། མཉམ་དྲུང་བཅས་གཞན་ཡང་གཞིས་མཉམ་འཕྲོད་གསུམ་གྱི་ལས་བྱེད་རྣམ་པ། མོན་གྷོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བུད་མེད་གཉིས་ཀྱི་ཚོགས་གཙོ། ཕ་འཐུས་ཚོགས་གཙོ་རྣམ་གཉིས། གཞིས་གྲོང་ཁག་གི་སྤྱི་མི་གཙོས་སེར་སྐྱ་མི་མང་ཡོངས་ནས་ནོར་བུ་རིའི་སྟེང་ལྷན་འཛོམས་བཞུགས་གྲལ་དུ་འཁོད་རྗེས་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་དང་། སྐུ་རླུང་དར་འཛུགས་ཀྱིས་ཀི་སོ་ལྷ་རྒྱལ་དང་བཅས་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ལ་བསང་གསོལ་གཟབ་རྒྱས་ཞུས།
དེ་རྗེས་ཆུ་ཚོད་ ༩།༠༠ ཐོག་༸རྒྱལ་བའི་ཕོ་བྲང་ནས་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཞིས་སྤྱི་མི་མང་ཚོགས་ཁང་གི་མཛད་སྒོའི་བཞུགས་ཁྲི་སྟེང་དུ་གདན་འདྲེན་ཞུས་རྗེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་ཀར་ཎ་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་སྦེལ་ཤྰི་ལྦ་རམ་ཧེབ་སྦར་ (Shri Arbail Shivaram Hebbar) མཆོག་གིས་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན། འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ།
དེ་རྗེས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་དྲུག་ཅུ་དབྱངས་ལྡན་གྱི་གླུ་གཞས་བཏང་། དེ་ནས་དཔལ་ལྡན་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་སྐུ་མགྲོན་གཙོ་བོར་དགའ་བསུའི་ཕྱག་རྟགས་ཕུལ་རྗེས་ས་གནས་འགོ་འཛིན་གྱི་ལས་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་དུས་ཆེན་ལ་འཚམས་འདྲི་ཞུས་བསྟུན། དཔལ་ལྡན་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། དེ་རྗེས་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་མཁན་པོ་སྐུ་བགྲེས་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་༸སྐྱབས་གནས་མཁན་རིན་པོ་ཆེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྐུ་མགྲོན་གཙོ་བོ་ཀར་ཎ་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་སྦེལ་ཤྰི་ལྦ་རམ་ཧེབ་སྦར་མཆོག་ནས་དུས་ཆེན་དང་འབྲེལ་བའི་སེར་སྐྱ་མང་ཚོགས་ལ་གསུང་བཤད་གནང་ཡོད། དེ་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་ལས་ཚབ་ནས་ཐུགས་རྗེ་ཆེ་ཞུ་གྲུབ་མཚམས་བོད་ཀྱི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་སྟེ་གུང་ཚིགས་ཕུལ་ནས་མཛད་སྒོ་གྲུབ།
གཞན་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༧ ཉིན་མོན་གྷོ་འདོད་རྒུ་གླིང་ཤེས་ཡོན་དང་སློབ་གསོའི་ཚོགས་ཆུང་གི་གོ་སྒྲིག་འོག་གདན་ས་གཉིས་ཀྱི་གྲྭ་ཚང་ཆེ་བ་བཞི་དང་། དཔལ་ས་སྐྱ་གྲྭ་ཚང་གི་སློབ་གྲྭ། མོན་གྷོ་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་དབར་སྤྱི་ནིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་ཐོག་གཏམ་བཤད་འགྲན་བསྡུར་གནང་བ་མ་ཟད། སྐུ་རླུང་དར་འཛུགས་དང་སྨོན་ལམ་གསུང་འདོན་གནང་བ་སོགས་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ལོའི་གཞིས་གྲོང་ཁག་གི་སྤྱི་མི་ཟུར་པ་རྣམས་དང་། གཞིས་གྲོང་དྲུག་པའི་གཏན་ཉིན་སློབ་གྲྭའི་ཕ་འཐུས་ཟུར་པ་རྣམས་ལ་ས་གནས་འགོ་འཛིན་ལས་ཁང་ནས་ཐུགས་རྗེ་ཆེ་ཞེས་ཕྱག་འཁྱེར་གནང་བ་མ་ཟད། སློབ་ཕྲུག་རྣམས་ཀྱི་གཏམ་བཤད་རྩེ་སོན་རྣམས་ལ་སྐུ་མགྲོན་གཙོ་བོས་བྱ་དགའ་གནང་ཡོད།
༸སྐུའི་འཁྲུངས་སྐར་ཉིན་དང་བསྟུན་རྭ་ལུག་ཚེ་ཐར་སླད་གཞིས་སྒར་ནང་གི་སེར་སྐྱ་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་བྱས་པ་ནས། ཚོགས་ཆུང་ཟུར་བཙུགས་ཐོག་གཞིས་གྲོང་ནང་གི་དཔལ་འབྱོར་གནས་སྟངས་དངོས་ཡོད་དཀའ་ངལ་ཅན་རྣམས་ལ་གཞིས་སྒར་རང་གི་སེར་སྐྱ་མང་ཚོགས་ནས་ཕན་ཕྲན་བུ་ཐོགས་སླད་བཟའ་འབྲུ་རིགས་བགོ་འགྲེམས་གནང་ཡོད། དེ་བཞིན་ཁོར་ཡུག་གཙང་བཟོ་དང་། འབྲས་ལྡན་ཤིང་སྣ་འདེབས་འཛུགས་སོགས་ལས་དོན་འདྲ་མིན་སྤེལ་བ་བརྒྱུད་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།