༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་གི་ནང་གནས་ཚུལ་མཐོན་གསལ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་ཀན་ལྷོ་བླ་བྲང་ཨ་མཆོག་དང་། ཁམས་རྟའུ། དཀར་མཛེས། ལི་ཐང་། བྲག་མགོ མགོ་ལོག སྐུ་འབུམ་སོགས་སུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་མིན་ལ་མ་ལྟོས་པར་བོད་མི་ཚོས།
༸གོང་ས་མཆོག་གི་སྐུ་པར་སྤང་ཐང་སོགས་སུ་གདན་འདྲེན་ཞུས་ཏེ་སྤྲོ་སྐྱིད་གཏོང་བ་དང་། ནང་ལ་༸གོང་ས་མཆོག་གི་སྐུ་པར་མདུན་དུ་ཟས་རིགས་འདྲ་མིན་གྱི་མཆོད་པ་འབུལ་བ། སོ་སོའི་ས་གནས་ཀྱི་གནས་རི་ཁག་ཏུ་འཛོམས་ནས་རི་རྩེར་བསང་གསོལ་དང་། རླུང་རྟ་དར་འཛུགས།
དེ་བཞིན་རྟ་རྒྱུགས་འགྲན་བསྡུར་གྱི་མཚོན་དྲ་ལམ་བརྒྱུད་ནས་གླུ་ལེན་པ་སོགས་བྱས་ཏེ་ཉིན་དེར་བོད་མི་ཚོས་སོ་སོའི་སེམས་ཚོར་ཕྱི་ལ་བཏོན་ནས་༸གོང་ས་མཆོག་ལ་བསྟོད་དབྱངས་འབུལ་ལམ་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་གང་མགྱོགས་བོད་ལ་༸ཞབས་སོར་འཁོད་ཐུབ་པའི་རེ་བ་དང་། ཞལ་མཇལ་གསུང་ཐོས་ཀྱི་རེ་བའི་སྨོན་ལམ་བརྒྱབ་པ་སོགས་དགའ་སྐྱོ་འདྲེས་མའི་སེམས་འདུན་ཁག་མཚོན་པར་བྱས་པ་སོགས་རྣམ་པ་འདྲ་མིན་གྱི་བྱེད་སྒོ་སྤེལ་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག
སྤྱིར་བཏང་བོད་ནང་གི་བོད་མི་ཚོས་འཁྲུངས་སྐར་ཡིན་ཞེས་མངོན་གསལ་དོད་པོས་དུས་ཆེན་སྲུང་བརྩི་རྒྱ་ཆེན་པོ་བྱེད་ཐབས་མེད་ཀྱང་། ཆེ་ས་ནས་སྡེ་པ་དང་། ཆུང་ས་ནས་ནང་མི་ངོ་ཤེས་འཛོམས་ནས་སྤྲོ་སྐྱིད་གླིང་གར་རོལ་བ་ནི་དམ་བསྒྲགས་འོག་གི་བོད་མི་ཚོའི་འཁྲུངས་སྐར་སྲུང་བརྩི་ཞུ་སྟངས་ཡག་ཤོས་དེ་ཡིན་འདུག རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གིས་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་སྐར་རིང་དམ་བསྒྲགས་དང་དོགས་ཟོན་ཤུགས་ཆེན་བྱས་ཡོད་པ་མ་ཟད། ལྷག་པར་གཙུག་ལག་ཁང་དང་ནོར་བུ་གླིང་གར་བོད་མི་མང་པོ་འཛོམས་པ་དང་། བསང་གསོལ་བྱེད་པར་ལྟ་རྟོག་ཚོད་འཛིན་ནན་མོ་བྱས་ཡོད་འདུག