༢༠༡༤ ཟླ་ ༧ ཚེས་ ༢༢ རེས་གཟའ་མིག་དམར།
༈ དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་སྨིན་སྒྲུབ་འབད་རྩོལ་དང་སྦྲགས་དུས་ཀྱི་དགོས་མཁོར་བསྟུན་ཏེ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་རིས་མེད་ཆོས་བརྒྱུད་རྣམས་ནས་དབུ་ཕར་སོགས་གཞུང་ཆེན་སོ་སོར་ཁྱད་མཁས་མི་སྣ་གང་མང་ཐོན་ཐབས་དམིགས་ཡུལ་གཙོ་བཟུང་གིས། ཆོས་རིག་ལས་ཁུངས་ནས་ཆོས་བརྒྱུད་རིས་མེད་ཐོག་གཞུང་ཆེན་རིག་གཅིག་རྐང་འཛིན་སློབ་གཉེར་ལས་རིམ་ཞིག་གསར་གཏོད་གནང་ཐབས་སྐོར་ ༢༠༡༣ ལོར་བསྐོང་ཚོགས་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་སྐབས་གྲོས་བཤམས་སྙན་གསན་དང་བཀའ་བསྡུར་མོས་འཆམས་བྱུང་ངོར། གཞུང་ཆེན་རིག་གཅིག་རྐང་འཛིན་སློབ་གཉེར་ལས་རིམ་དང་ཆོས་རིག་སློབ་ཡོན་སྤྲོད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཞེས་པ་ཞིག་གཏན་འབེབས་དང་། དེའི་དགོངས་དོན་དབུ་ཁྲིད་བླ་ཆེན་རྣམ་པར་སྙན་སེང་སྐྱབས་འཇུག་བརྒྱུད་མཁས་པའི་ཚོགས་ཆུང་གསར་བཙུགས་སོགས་སྟ་གོན་བྱེད་སྒོ་རིགས་གང་ལེགས་བསྒྲུབས་ཤིང་།
༢༠༡༣ ལོ་མཇུག་ཏུ་སྐབས་དང་པོའི་སློབ་བསྡུའི་གསལ་བསྒྲགས་བསྐྱངས་རྗེས་དད་འདུན་ཅན་དགེ་འདུན་པ་སུམ་ཅུ་སྐོར་ནས་འཚང་སྙན་ཕུལ་འབྱོར་བྱུང་བ་ནས་ཆ་རྐྱེན་ཚད་ལོངས་སློབ་དཔོན་དང་དགེ་བཤེས་ ༢༡ ཡོད་པ་རྣམས་ལ་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཝཱརཱཎཱསིར་ཉམས་ཞིབ་རིག་པའི་ཟབ་སྦྱོང་ཞིག་ཕུལ་གཤིས། ཁོང་རྣམ་པའི་དགོངས་འཆར་ཕུལ་འབྱོར་གཞིར་བཟུང་གཞུང་ཆེན་རིག་གཅིག་རྐང་འཛིན་ལས་རིམ་གྱི་དམིགས་ཡུལ་བསྒྲུབ་ཐབས་ལ་དམིགས་ནས་དེ་སྔོན་གྲངས་བཅད་སློབ་ཡོན་དེ་ཉིད་ཀྱང་བསྐྱར་བཅོས་ཀྱིས། ད་ནས་ཆ་རྐྱེན་ཚད་ལོངས་སློབ་གཉེར་བ་ཡོངས་ལ་སྤྱི་མཚུངས་སྔ་འཕྲོས་རིང་ལོ་བཞིའི་རིང་ཟླ་རེར་སློབ་ཡོན་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་རེ་(༡༥༠༠)འབུལ་རྒྱུ་ཐུགས་གཏན་འཁེལ་བ་སོགས་བྱུང་ཞིང་། ལས་རིམ་དེ་ཉིད་བསྟན་དོན་སྤྱི་སྒེར་ཁེ་ཕན་བསམས་ནས་ལག་བསྟར་ཞུ་མུས་དང་མུ་མཐུད་ཞུ་འཆར་ཡོད་པ་གཞིར་བཅས་ ༢༠༡༥ གཞུང་ཆེན་རིག་གཅིག་རྐང་འཛིན་པ་སྐབས་གཉིས་པའི་སློབ་བསྡུའི་གསལ་བསྒྲགས་བསྐྱངས་པ་ལགས་ན། ལས་རིམ་འདིར་འཛུལ་ཞུགས་གནང་འདོད་ཡོད་པའི་དགེ་འདུན་པ་རྣམས་ནས་གཤམ་གསལ་དོན་ཚན་ཁག་ལ་ཐུགས་ཞིབ་དང་། ཆོས་རིག་ལས་ཁུངས་ཀྱི་དྲ་རྒྱ་ www.chorig.org ནས་འགེངས་ཤོག་ཕབ་ལེན་ཞིབ་བཀང་གིས་དགོས་ངེས་རྒྱབ་རྟེན་ཡིག་ཆ་དང་བཅས་འདི་གར་ཕྱི་ཟླ་ ༡༠ ཚེས་ ༣༡ ནང་ཚུད་ངེས་འབུལ་གནང་ཕྱོགས་ཡོང་བ་དགོངས་འཇགས་འཚལ།
དོན་ཚན་དང་པོ། སློབ་ཚན།
ཕར་ཕྱིན། དབུ་མ། མཛོད། རྣམ་འགྲེལ། འདུལ་བ། སྔགས།
དོན་ཚན་གཉིས་པ། སློབ་གཉེར་བའི་གྲངས་ཚད།
ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་སོ་སོ་ནས་ ༡༠ རེ་དང་། ཇོ་ནང་ནས་ ༥ བཅས་ཁྱོན་སློབ་གཉེར་བ་ཞལ་གྲངས་ ༥༥ བཞེས་རྒྱུ།
དོན་ཚན་གསུམ་པ། སློབ་གཉེར་བར་དགོས་ངེས་ཆ་རྐྱེན།
དགོན་སྡེ་སྒྲིག་འཛུགས་སོ་སོའི་ལམ་སྲོལ་ལྟར་སློབ་དཔོན་དང་དགེ་བཤེས་ཀྱི་བསླབ་པ་མཐར་སོན་པ་མཐའ་མའི་རྒྱུགས་སྤྲོད་ནང་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དང་། སོ་སོའི་དགོན་པའི་རྒྱབ་གཉེར་ཡོད་པ་ཞིག་ཡིན་དགོས།
དོན་ཚན་བཞི་པ། འགེངས་ཤོག་མཉམ་དུ་དགོས་པའི་ཡིག་ཆ་ཁག
1. སོ་སོའི་བསླབ་པ་མཐར་སོན་ལག་འཁྱེར་གྱི་ངོ་བཤུས།
2. སོ་སོའི་རྒྱུགས་སྤྲོད་མཐའ་མའི་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།
3. དྭང་བླང་དཔྱ་དེབ་ཡོད་རིགས་ནས་འབུལ་འབབ་གཙང་བའི་སོ་སོའི་དཔྱ་དེབ་ཀྱི་ངོ་བཤུས། མེད་རིགས་ནས་དགོན་པའི་རྒྱབ་གཉེར་ནང་ལུང་ཁུངས་གང་ཡིན་གསལ་བོར་འཁོད་པ་བྱ་རྒྱུ།
4. སོ་སོའི་དགོན་པའི་རྒྱབ་གཉེར་ཡི་གེ་ངོ་མ་བཅས་དགོས་པ་ཡིན།
མཆན། གོང་གསལ་ངོ་བཤུས་ཡིག་ཆ་ཁག་ལ་ས་གནས་འགོ་འཛིན་ནམ་དགོན་པའི་མཁན་པོའམ་དབུ་འཛིན་གྱི་དག་མཆན་ངེས་པར་འཁོད་དགོས།
དོན་ཚན་ལྔ་པ། འཚང་སྙན་འབུལ་ཚེས་མཐའ་མ།
ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡།
དོན་ཚན་དྲུག་པ། འཚང་སྙན་འབུལ་ཡུལ་ཁ་བྱང་།
The Secretary
Department of Religion and Culture, CTA
P. O. Dharamsala – 176215
District Kangra, (H. P.)
Email: [email protected] /[email protected]
Phone: + 01892 – 226737 / 222685
Fax: + 01892 – 228037
དོན་ཚན་བདུན་པ། སློབ་ཡོན་ཚད་གཞི་དང་འགོ་འཛུགས།
ཆ་རྐྱེན་ཚད་ལོངས་འདེམས་ཐོན་བྱུང་བའི་སློབ་གཉེར་བ་རེ་ལ་ཟླ་རེར་ཧིན་སྒོར་ ༡༥༠༠ ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡ ནས་འགོ་འཛུགས་ཀྱིས་ལོ་བཞིའི་རིང་འབུལ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༢ ལ།།