༢༠༡༤ ཟླ་ ༧ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །དུས་དབང་སྐབས་ ༣༣ དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ལ་དྭགས་རྒྱལ་ས་སླེ་རུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་དང་ཡུལ་གོམས་གཤིས་ལུགས། བོད་ཀྱི་ཁོར་ཡུག བཙན་བྱོལ་བོད་མིའི་འཚོ་བའི་རྣམ་པ་བཅས་ཀྱི་སྐོར་དང་། ལྷག་པར་དུ་བོད་ནང་དུ་བོད་མིས་རང་ལུས་མེར་སྲེག་བཏང་བ་སོགས་དེང་སྐབས་བོད་ནང་དུ་ཛ་དྲག་གནས་སྟངས་སྐོར་སོགས་པར་རིགས་ཀྱི་ལམ་ནས་གོ་རྟོགས་རྒྱ་ཆེ་སྤེལ་འདུག
དེ་ཡང་ལ་དྭགས་མངའ་ཁུལ་གྱི་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༥ ཉིན་འགྲེམས་སྟོན་དངོས་སུ་དབུ་འབྱེད་གནང་འདུག ཐེངས་འདིར་པར་རིགས་འགྲེམས་སྟོན་དེ་ཕྱི་ཟླ་ ༧ ཚེས་ ༥ ནས་ཚེས་ ༡༣ བར་གོ་སྒྲིག་ཞུ་བཞིན་འདུག པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་རྣམས་ནི། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ། ཞེས་པ་དང་། སྤྱིའི་ཕྱིར་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་ཡོད་དམ། ཞེས་པ། དེ་བཞིན་བཙན་བྱོལ་ནང་གི་འགྲུལ་བཞུད། ཅེས་པའི་བརྗོད་གཞིའི་འོག་རྒྱ་ནག་དམར་པོའི་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་འཛུལ་བྱས་འབྲས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་ཁྲི་ཕྲག་བརྒལ་བ་རྒྱ་གར་གཙོ་བོར་གྱུར་བའི་ཡུལ་གྲུ་འདྲ་མིན་ནང་བཙན་བྱོལ་དུ་བྲོས་བྱོལ་ལ་ཡོང་སྟེ་འདས་པའི་མི་ལོ་ ༥༠ ལྷག་གི་རིང་ལ་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱས་སྐོར།
ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་ཤེས་དབྱིངས་དཔྱད་ཀྱིས་བོད་མི་ཚོར་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་འཁྲིད་གནང་མཛད་པ་ནས་བཟུང་དེང་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུ་ཁྲིད་འོག་འཛིན་སྐྱོང་བཀའ་ཤག་དང་། མང་གཙོའི་ཀ་བ་གསུམ་གྱི་ཁྲིམས་བཟོའི་ཡན་ལག་གམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་ཁྲིམས་ཞིབ་པ་བཅས་ཀ་བ་གསུམ་གཞི་རྩར་གྱུར་བའི་མང་གཙོའི་སྒྲོམ་གཞིའི་རྣམ་པ་ཆ་ཚང་ལྡན་པའི་ངོ་སྤྲོད་ཁ་གསལ་འཁོད་པའི་པར་རིགས་འགྲེམས་སྟོན་ཞུས་འདུག