༢༠༡༤ ཟླ་ ༧ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༥ ཉིན་རྒྱ་གར་རྒྱལ་ཡོངས་བུད་མེད་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་ཆུང་ (Rashtriya Sevika Sangh Samiti) གི་འགན་འཛིན་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། བུད་མེད་ནུས་ཤུགས་གོང་མཐོར་སྤེལ་རྒྱུ་ཟེར་བ་འདི་བུད་མེད་སྒེར་གཅིག་གི་ཐོབ་ཐང་རྩོད་རྒྱུའི་གནད་དོན་ཁོ་ནར་བསམ་བློ་གཏོང་རྒྱུ་མེད། དེ་ནི་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་བ་བརྒྱུད་བུད་མེད་ཚོས་རང་ཉིད་ལ་འཁྲིད་པའི་རྒྱལ་དོན་གྱི་ལས་འགན་རྣམས་ཚགས་ཚུད་ཐོག་ནས་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན་པར་བརྟེན། བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། བོད་མིའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་རྒྱུའི་ཐབས་ལམ་དང་དམིགས་ཡུལ། གྲུབ་འབྲས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
གཞན་ཡང་སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་རྒྱལ་ཡོངས་བུད་མེད་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་ཆུང་གི་ཚོགས་གཙོ་ལ་ཆེ་བསྟོད་མཚོན་ཕྱིར་རྗེ་བཅུན་སྒྲོལ་མའི་ཞལ་ཐང་ཞིག་ཀྱང་ཕུལ་འདུག
ཕྱོགས་མཚུངས་ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་གི་ལྷན་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་། བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བཅས་ནཱག་པུར་དུ་རྟེན་གཞི་བྱས་པའི་ཨར་ཨེ་སི་ཨེསི་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་སུ་སྐུ་ཞབས་བྷ་ཡི་ཡཱ་ཇི་ཇོ་ཤཱི་ (Maniya Shri Bhaiyaji Joshi ) ལགས་དང་ཐུག་འཕྲད་ཀྱིས་སྟོན་པའི་ཞལ་ཐང་ཞིག་ཁོང་ལ་ཕྱག་རྟགས་སུ་ཕུལ་བ་མ་ཟད། ཁོང་རྣམས་ནས་ཁུལ་དེའི་རྒྱ་གར་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོགས་པོ་མང་དག་ཅིག་དང་ཐུག་འཕྲད་གནང་ཡོད། ཕྱི་ཚེས་ ༢༧ ཉིན་བཀའ་བློན་མཆོག་དང་། ནང་སྲིད་དྲུང་འཕར། བྷན་རྡ་ར་གཞིས་འགོ་དང་མེན་པར་ཕན་བདེ་གླིང་གི་ས་འགོ་འཛིན་བཅས་ནས་མདྱཱ་པྲ་དེ་ཤི་ (Madhya Pradesh) མངའ་སྡེའི་ནང་ཆགས་པའི་ད་མོཧ་ (Damoh) ཞེས་པའི་ས་གནས་སུ་སྐུ་ཞབས་ (Santosh Bharati) མཆོག་དང་ཐུག་འཕྲད་ཀྱིས་ཁོང་གིས་བོད་མིའི་གཞིས་ཆགས་གསར་འཛུགས་ཆེད་ས་ཆ་ཕྲན་བུ་གནང་འདོད་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཞལ་འདེབས་འབུལ་འཆར་ཡོད་པའི་ས་ཆ་དེར་གཟིགས་ཞིབ་ཀྱང་གནང་ཡོད།
ཕྱི་ཚེས་ ༢༨ ཉིན་མུམ་བྷེ་ནང་རྟེན་གཞི་བྱས་པའི་རཏྣ་ནི་དི་ཡིད་ཆེས་དགེ་རྩ་ཁང་ (Ratna Nidhi Charitable trust) དང་ཚོགས་འདུ་ཚོགས་ཏེ་ཡིད་ཆེས་དགེ་རྩ་ཁང་གིས་རྡ་ས་བྱམས་པ་གླིང་རྒས་གསོ་ཁང་ཡར་རྒྱས་གཏོང་ཆེད་མཐུན་འགྱུར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག ནང་སྲིད་བཀའ་བློན་མཆོག་ལྡི་ལིར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཕྱི་ཟླ་ ༨ ཚེས་ ༢ རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག