༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་གཞུང་གིས་ལོ་ལྟར་དབྱར་ཁའི་གུང་སེང་དང་བསྟུན་ཐེ་ཝན་གྱི་སློབ་ཕྲུག་གཙོས་ཕྱི་རྒྱལ་ཡུལ་གྲུ་གཞན་ནས་ཡོང་བའི་སློབ་འབྲིང་དང་། མཐོ་སློབ་ཀྱི་སློབ་མ་རྣམས་ལ་རྒྱུན་གཏན་གྱི་སློབ་ཚན་ཕུད། དེ་མིན་སྤྱི་ཚོགས་ཐོག་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་ལུགས་འདྲ་མིན། རིག་གཞུང་འགྲེམས་སྟོན། གཞོན་སྐྱེས་བགྲོ་གླེང་། སྒྱུ་རྩལ་བྱེད་སྒོ་སོགས་སྣ་མང་ཤེས་བྱ་ངོ་སྤྲོད་ཀྱི་ཟབ་སྦྱོང་སྟེ་ཐེ་པེ་གྲོང་ཁྱེར་སྐབས་བརྒྱད་པའི་ལོ་ཆུང་དམག་གི་སྦྱོང་བརྡར་ཞེས་པ་ཕྱི་ཟླ་ ༧ ཚེས་ ༧ ནས་ ༡༣ བར་གཏན་འཁེལ་ཡོད་པར། ཐེངས་འདིར་ཐེ་ཝན་གྱིས་གཙོས་ཨ་རི་དང་། མ་ལེ་ཤི་ཡ།
རྒྱ་ནག་སོགས་ཀྱི་སློབ་ཕྲུག་ཁྱོན་མི་གྲངས་ ༣༠༠༠ ཙམ་གྱིས་མཉམ་ཞུགས་བྱས་ཡོད། གོང་གསལ་སྦྱོང་བརྡར་གྱི་ནང་དོན་ངོ་སྤྲོད་བྱེད་མཁན་འབྲེལ་ཡོད་ཚོགས་སྡེ་འདྲ་མིན་ལ་འབྲེལ་ལམ་དང་འདེམས་སྒྲུག་སོགས་བྱས་པ་བརྒྱུད། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱེད་མཁན་གྱི་སྡེ་ཚན་ནི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་པེ་རྒྱུད་སྟོད་ཆོས་ཚོགས་གཉིས་ཟུང་འབྲེལ་གྱིས་འགན་ཁུར་བླངས་པ་དང་། སྦྱོང་བརྡར་སྤྲོད་ཡུལ་གྱི་སློབ་ཕྲུག་མི་འབོར་ཤིན་ཏུ་མང་བས་མི་གྲངས་ ༤༠ ལས་གྲུབ་པའི་ཚོགས་ཆུང་ཁག་བགོས་ཀྱིས་ཆུ་ཚོད་ ༢ རེར་བགོས་ཏེ་སྦྱོང་བརྡར་སྤྲད།
སྦྱོང་བརྡར་ངོ་སྤྲོད་ཁོངས་བོད་ཀྱི་ནང་ཆོས་དང་། ཁ་བཏགས་སྐོར་ངོ་སྤྲོད་ཐོག་སློབ་ཕྲུག་ཚོར་ ༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་བསྒྲོན་འབུལ་དང་། འཁྲབ་སྟོན་གྱི་ལེ་ཚན་ཁོངས་སུ་དོན་གཅོད་ལས་ཁུངས་དང་རྒྱུད་སྟོད་ཆོས་ཚོགས་ནས་ཆེས་སྟབས་བདེའི་སྒྲུང་ཐུང་ཕྱོགས་སྒྲིག་ནང་མི་ལ་རས་པ་དང་། ཐང་སྟོང་རྒྱལ་པོ། ལྷ་བླ་མ་ཡེ་ཤེས་འོད། བོད་པའི་སྤྲུལ་སྐུ་ཆུང་ཆུང་བཅས་ཀྱི་ནང་དོན་སློབ་ཕྲུག་ཚོས་སྔོན་ཚུད་ནས་རང་རང་གི་རྣམ་དཔྱོད་ལ་བརྟེན་ནས་སྦྱངས་པའི་འཁྲབ་སྟོན་བྱས་པ་དང་། རྒྱུད་སྟོད་ཀྱི་དགེ་འདུན་རྣམ་པས་རྡུལ་ཚོན་དང་། གཏོར་མའི་སྐོར་ངོ་སྤྲོད་མདོར་བསྡུས་གནང་རྗེས། སློབ་ཕྲུག་དང་མཉམ་དུ་རྡུལ་ཚོན་བླུགས་རྒྱུ་དང་། གཏོར་མ་བཞེངས་སྒྲུབ་སོགས་བྱས་པར། སློབ་ཕྲུག་ཚོས་ཤིན་ཏུ་དགའ་མོས་དང་། བོད་པའི་སྐོར་ཤེས་རྟོགས་གང་ཙམ་བྱུང་ཡོད་པ་མ་ཟད། འབྱུང་འགྱུར་འཛམ་གླིང་ཡུལ་གྲུ་གང་ས་ནས་སླེབས་པའི་སློབ་ཕྲུག་རྣམས་ལ་མུ་མཐུད་བོད་ཀྱི་ཆོས་དང་། རིག་གཞུང་། ལོ་རྒྱུས་སོགས་ངོ་སྤྲོད་བྱེད་པའི་གོ་སྐབས་ཕན་ནུས་འདོན་ཐུབ་ངེས་ཀྱི་དགེ་མཚན་བྱུང་ཡོད།།