༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད། འདི་ཕྱི་གཉིས་ཀྱི་དོན་དམ་པའི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐེ་ཝན་ནང་ཚོགས་སྡེ་འདྲ་མིན་གྱིས་སྲུང་བརྩི་ཆེས་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་བསང་གསོལ་ཞུས་རྗེས་མཛད་སྒོ་དངོས་གཞི་འགོ་འཛུགས་གནང་། མཆོད་པའི་ལྷ་མོ་རྣམས་ཀྱིས་ལག་ཏུ་མེ་ཏོག་དང་། སྐུ་མགྲོན་རྣམས་ཀྱིས་སྤོས་སྣེ་དང་བཅས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིའི་ཐོག་གདན་འདྲེན་ཞུས་རྗེས། རྫོགས་ཆེན་ཆོས་ཚོགས་ནས་གོ་སྒྲིག་དང་། རྫོགས་ཆེན་མགོན་པོ་རིན་པོ་ཆེ་སྐུ་ངོ་མས་ཚིག་བརྩམས་པ་དང་དབྱངས་སུ་ལེན་པའི་བླ་མ་མཁྱེན་ནོ། བླ་མ་གདུང་འབོད་ཅེས་དབྱངས་སྙན་དང་འབྲེལ་ཐེ་ཝན་སློབ་ཕྲུག་ཁག་གཅིག་གིས་བོད་ཆས་གྱོན་ཏེ་འཁྲབ་སྟོན་གནང་། སྐུ་མགྲོན་རྣམ་པའི་གསུང་བཤད་ཀྱི་ཐོག་མར་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་དོན་སྙིང་དང་། ༸གོང་ས་མཆོག་གི་མཛད་འཕྲིན་མདོར་བསྡུས། ལྷག་དོན་ཕྱི་རྒྱལ་ཡུལ་གྲུ་འགའ་ཤས་ནང་༸གོང་ས་མཆོག་གི་ཆིབས་སྒྱུར་སྐབས་དོལ་རྒྱལ་ཚོགས་པས་ཆོས་དད་རང་དབང་ཁ་ལ་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་དེ་དག་རྒྱུ་མཚན་ཡང་དགགང་ཡང་མེད་པའི་གསལ་བཤད་སོགས་གནང་།
དེ་རྗེས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་སློབ་སྟོན་པ་རྫོགས་ཆེན་མགོན་པོ་རིན་པོ་ཆེ་མཆོག་དང་། དོན་གཅོད་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སོགས་ནས་གསུང་བཤད་གནང་རྗེས། ཐེ་ཝན་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་ཀྱིས་གསུང་བཤད་སྐབས།
དེ་སྔ་དོལ་རྒྱལ་སྐོར་དེ་ཆོས་དད་བྱེད་མིན་གྱི་སྐོར་ཡིན་གྱི་རེད་བསམ་གྱི་ཡོད། ཡིན་ནའང་རྗེས་ལ་མི་གསོད་ཁྲག་སྦྱོར་དང་། དོལ་རྒྱལ་ཚོགས་པས་དྲ་བརྙན་ཐོག་སྤེལ་བའི་སྐད་ཆའི་ནང་དོན་སོགས་མདོ་དོན་ཁོ་པ་ཚོའི་བྱེད་སྟངས་དེ་རིགས་མཐོང་སྐབས། ཚང་མ་རྒྱ་དམར་གཞུང་གི་བྱེད་སྟངས་དང་གཅིག་མཚུངས་ཆགས་འདུག་པས། དེ་ནི་ཆོས་དད་སྐོར་གྱི་གནས་ཚུལ་ཞིག་མིན་པ་གསལ་པོ་ར་སྤྲོད་ཐུབ་ཀྱི་འདུག་སྟབས། ང་ཚོ་བོད་པ་མི་རེ་ངོ་རེས་འགན་བླངས་ཏེ་ཁོ་པ་ཚོར་ཁ་གཏད་གཅོག་དགོས་ཀྱི་འདུག རྒྱ་དམར་གྱི་སྲིད་བྱུས་ངན་པ་བོད་མི་ནང་ཁུལ་མི་མཐུན་པ་བཟོ་གི་ཡོད་པས་དེར་བསམ་བློ་བཏང་བ་ལས། ང་ཚོས་དོལ་རྒྱལ་ཚོགས་པར་སྐྲག་སྟེ་ཁུ་སིམ་ངང་བསྡད་པ་ཞིག་རྩ་བ་ནས་མིན་པ་གསལ་པོ་ཤེས་རྟོགས་དགོས་པ་སོགས་ཀྱི་གསུང་བཤད་གནང་། གསུང་བཤད་གྲུབ་རྗེས་དོན་གཅོད་ལས་ཁུངས་ནས་འདོན་སྤེལ་ཞུས་པའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་ ༡༢ དང་། གངས་ལྗོངས་དཔེ་སྐྲུན་ཁང་ནས་འདོན་སྤེལ་གནང་བའི་གངས་ལྗོངས་དེབ་ཕྲེང་ ༡༧ པ་སྟེ་ཕྱི་ལོ་ ༢༠༡༡ ནས་ ༢༠༡༣ བར་ཐེ་ཝན་ནང་བོད་དོན་སྐོར་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་སྤེལ་བའི་རྩོམ་ཡིག་ཁག་ཕྱོགས་སྒྲིག་གི་དེབ་བཅས་དཔེ་དེབ་གསར་པ་གཉིས་དབུ་འབྱེད་གནང་གྲུབ་རྗེས།
༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཞབས་རིམ་གསུང་འདོན་དང་། བཞུགས་ཁྲི་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་བཅས་གྲུབ་པའི་རྗེས་སུ་ཉིན་གུང་བོད་ལུགས་དང་རྒྱ་ལུགས་ཀྱི་གསོལ་ཇ་ཞལ་ཏོག་སྣ་འཛོམས་གྱ་ནོམ་པ་འདེགས་འབུལ་ཞུས། གསོལ་ཚིགས་བཞེས་ཡུལ་ཚོགས་ཁང་གི་བར་ཁྱམས་རྩིག་སྡེབས་སུ་༧གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན་བཤམས་འབུལ་བཅས་ཞུས་ཡོད་ཅིང་། ཉིན་རྒྱབ་བོད་མི་དང་ཐེ་ཝན་ཡུལ་མི་ཚོས་དགའ་སྤྲོའི་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད་པ་མ་ཟད། དེ་བཞིན་༸གོང་ས་མཆོག་གི་བརྙན་འཕྲིན་སྟོན་པ་སོགས་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་མཛད་སྒོ་རྒྱལ་ཁའི་ངང་གྲོལ།
གཞན་ཡང་ཕྱི་ཟླ་ ༧ ཚེས་ ༤ ཉིན། ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཚན་ཚོགས་ཐེངས་དྲུག་པ་དེ་ཐེ་ཝན་ནང་སྐད་གྲགས་ཡོད་པའི་སུན་ཡན་སན་དྲན་གསོ་ཁང་གི་ཚོགས་ཁང་ཆེན་མོའི་ནང་གོ་སྒྲིག་གནང་བ་དང་། སྐུ་མགྲོན་རྣམ་པའི་གསུང་བཤད་རྗེས། ༸གོང་ས་མཆོག་གིས་ཆེད་དུ་མཚན་ཚོགས་ལ་སྩལ་བའི་བརྙན་འཕྲིན་བཀའ་སློབ་བསྟན་པ་དང་། དཔལ་རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྒྱ་སྐད་ཐོག་༸གོང་ས་མཆོག་ལ་བསྟོད་དབྱངས་འབུལ་བའི་གསུང་སྙན་ཐོག་ཐེ་ཝན་ཆེད་ལས་འཁྲབ་སྟོན་པས་བརྩམས་པའི་འཁྲབ་གཞུང་སོགས་ཞབས་གཞས་ཁག་འཁྲབ་སྟོན་གྲུབ་རྗེས། དོན་གཅོད་ལས་ཁུངས་ནས་ཁྱབ་སྤེལ་གཏོང་བཞིན་པའི་ལག་དེབ་སྔོན་པོ་ངོ་སྤྲོད་དང་། མཐའ་མ་ཚོགས་ཞུགས་ཡོངས་ཡར་བཞེངས་ཏེ་ལག་གཉིས་ཐལ་མོ་སྦྱར་ཏེ། ༸གོང་ས་མཆོག་གིས་དབུས་པའི་རིས་མེད་བླ་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བརྟན་པ། འཛམ་གླིང་ནང་འཁྲུག་རྩོད་དང་། ནད་ཡམས། འབྱུང་བའི་གནོད་འཚེ་མི་ཡོང་བ། བོད་ནང་བོད་མི་ཚོས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེར་སྲེག་བཏང་མཁན་རྣམས་ཀྱི་ཆེད་བསྔོ་སྨོན་གསོལ་འདེབས་སོགས་གནང་།
ཕྱི་ཟླ་ ༧ ཚེས་ ༦ དགོང་དྲོ་ཆུ་ཚོད་ ༦ ནས་ ༡༠ བར། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཐེ་ཝན་མིང་གྲོན་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་ནང་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་གོ་སྒྲིག་ཞུས། ཐོག་མར་མཆོད་པའི་ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་དང་། བླ་སྤྲུལ་དགེ་འདུན་རྣམས་ཀྱིས་སེར་སྦྲེངས། སྐུ་མགྲོན་རྣམས་ཀྱིས་སྤོས་སྣེ་བཅས་ཀྱིས་སྔུན་བསུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིའི་ཐོག་གདན་ཞུ་གནང་། ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ་རྫོགས་ཆེན་ཆོས་ཚོགས་ཀྱི་ཚོགས་གཙོ་དང་། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སོགས་ཀྱི་གསུང་བཤད་གྲུབ་རྗེས། བསྟོད་དབྱངས་འཁྲབ་སྟོན་དང་། སྨོན་ལམ་གསུང་འདོན། བཞུགས་ཁྲི་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་སོགས་གནང་སྟེ་སྨོན་ལམ་མཇུག་སྒྲིལ། འདི་ནི་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ཐེངས་གསུམ་པའི་སྨོན་ལམ་ཡིན་པ་དང་། མཐུན་ཚོགས་ཀྱི་ཚོགས་གཙོ་ནི་བོད་བརྒྱུད་ཆོས་ལུགས་ཆེ་བ་ཁག་བཞི་ཡིས་རིམ་བཞིན་འགན་འཁུར་གནང་གི་ཡོད་པས། ད་ལྟའི་ཆར་རྙིང་མ་བའི་ཆོས་བརྒྱུད་རྫོགས་ཆེན་ཆོས་ཚོགས་ནས་འགན་འཁུར་ཞུ་བཞིན་ཡོད།
ཐེ་ཝན་ནང་ཡོད་པའི་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ནས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་ཆེད་བོད་ཟླ་ས་ག་ཟླ་བ་ནས་ཕྱི་ཟླ་ ༧ ཚེས་ ༥ བར་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་སྒྲོལ་མའི་གཟུངས་སྔགས་དུང་ཕྱུར་གཅིག་དང་། ཡང་༸སྐུའི་འཁྲུངས་སྐར་ཉིན་མོར་རྒྱལ་ཁབ་གྲངས་ ༡༣ ནང་ཡོད་པའི་ཚོགས་མི་གྲངས་ ༩༠༠ ལྷག་གིས་སྒྲོལ་མའི་གཟུངས་སྔགས་ཁྱོན་གྲངས་ ༩༡༩༢༣༠༡ བཅས་གསོག་སྒྲུབ་གནང་ཡོད་པ་མ་ཟད། ཐེ་ཝན་ནང་ཡོད་པའི་ཆོས་ཚོགས་གཞན་ཁག་གཅིག་ནས་ཀྱང་གཙོ་བོ་ཆོས་ཕྱོགས་ཀྱི་སྒོ་ནས་ཞབས་རིམ་དང་སྲོག་བླུ་སོགས་རྣམ་པ་འདྲ་མིན་གྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཆེས་གཟབ་རྒྱས་ཞུས་ཡོད།།