༢༠༡༤ ཟླ་ ༧ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། གཞན་གཉིས། ཁྲིམས་དྲུང་། འབྲེལ་ཡོད་ལས་བྱེད། ཞུ་སྦྱོར་བ། རྩོད་ལན་པ། ཟུར་ཉན་བཅས་ལྷན་འཛོམས་ཐོག་སྔ་དྲོ་ཆུ་ཚོད་ ༡༠། ༣༠ སྟེང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ཁ་མཆུ་ཨང་ ༡༨ པ་ཉེས་མེད་འོས་གཞིའི་ཐོབ་ཐང་འཕྲོག་པའི་རྩོད་རྙོག་ཅེས་པའི་བཅད་ཁྲ་ཁྱབ་བསྒྲགས་གནང་སོང་།
ཁ་མཆུ་འདི་ཕྱི་ལོ་ ༢༠༡༣ ཟླ་ ༩ ནང་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་སྐབས་ ༤ པ་འོས་བསྡུ་བྱེད་སྐབས། ཀཐ་མན་གྲུ་ས་གནས་འོས་བསྡུ་ལས་ཁང་ནས་ཀོང་པོ་དོན་གྲུབ་ཀྱི་ཟློས་གར་ཚོགས་པའི་ཅ་དངོས་ཁག་ཅིག་ཚོང་བཅོལ་བཞག་པ་རྩིས་གཙང་མ་བཟོས་པ་དེ་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ་ཞེས་པའི་འོས་ཆོས་མ་ཚང་བ་ཐག་གཅོད་བྱས་ཏེ། དངོས་གཞིའི་འོས་གཞི་ནས་ཕྱིར་འཐེན་བྱས་པར། ཀོང་པོ་དོན་གྲུབ་ནས་ས་གནས་འོས་བསྡུ་ལས་ཁང་དང་། དབུས་ལས་ཁང་སོ་སོར་ཞིབ་འཇུག་དགོས་པའི་སྙན་ཞུ་འབུལ་གཏོང་ལ་བདག་སྤྲོད་བྱས་མེད་ལུགས་སྐོར་ཡིན་པ་དང་། ཁ་མཆུ་དེ་དང་མཉམ་དུ་ཀ་ཐ་མན་གྲུ་ས་གནས་འོས་བསྡུའི་འགན་འཛིན་ཟུར་པ་བདུད་འདུལ་རྡོ་རྗེ་ནས། ཀོང་པོ་དོན་གྲུབ་ཀྱིས་མཆོད་རྟེན་སྐོར་སྲུང་ལས་ཁུངས་ལ་འོས་བསྡུ་བཀག་འགོག་བྱེད་དགོས་སྙན་ཞུ་ཕུལ་ལུགས་དང་། ཁ་པར་ནང་སྡིགས་ར་བསྐུལ་ལུགས་གྱོད་འཛུགས་བྱས་ཡོད་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་བའི་ཞུ་རྩ་དང་། རྩོད་ལན་པ་གཉིས་ཀྱི་ཞུ་ལན། ཐོག་མའི་ཉན་ཞིབ་བཅས་ཀྱི་བྱ་རིམ་བརྒྱུད། ཁ་མཆུ་འདིར་གནད་དོན་ཁག་དྲུག་དང་། ལྡོག་གཏུག་ལ་གནད་དོན་ཁག་གཉིས་བཅས་སོ་སོར་གཏན་འབེབས་གནང་སྟེ། ཞིབ་གཅོད་ཉན་ཞིབ་རིམ་པ་བརྒྱུད་དེ་རིང་ཁ་མཆུའི་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་གནང་བ་ཞིག་རེད་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་དུ་བཀོད་པ་ལྟར་ན།
དང་པོ། གནད་དོན་བཞི་པ། ཟློས་གར་གྱི་ཅ་དངོས་ཚོང་བཅོལ་གཞག་ཡུལ་བསྟན་འཛིན་རྡོ་རྗེ་ཡིན་པ་ཞུ་སྦྱོར་བ་ཀོང་པོ་དོན་གྲུབ་ཀྱིས་ཁུངས་སྐྱེལ་བྱེད་མ་ཐུབ་པ་དང་། རྩོད་ལན་པ་ ༢ པས་ཟློས་གར་གྱི་ཅ་དངོས་ཚོང་བཅོལ་བྱ་ཡུལ་ཀོང་པོ་དོན་གྲུབ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་དང་། དཔང་པོ་འདོན་འབུལ་ཞུས་དོན་ལྟར། ཟློས་གར་གྱི་ཅ་དངོས་ཚོང་བཅོལ་བྱ་ཡུལ་ཀོང་པོ་དོན་གྲུབ་ཡིན་པ་རྩོད་ལན་པས་ཁུངས་སྐྱེལ་ཐུབ་པར་ངོས་འཛིན་གནང་བ་དང་།
གནད་དོན་ལྔ་པ། སྔོན་འགྲོའི་འོས་གཞི་ནས་ཕྱིར་འཐེན་བྱས་པའི་སྐྱེ་བོ་གང་ཞིག་དངོས་གཞིའི་འོས་གཞིར་བསྐྱར་དུ་འཇུག་རྒྱུ་སྒྲིག་གཞིའི་ཆ་རྐྱེན་མེད་པར་ངོས་འཛིན་གནང་བ་དང་། ཞུ་སྦྱོར་བ་ཀོང་པོ་དོན་གྲུབ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༦ ཉིན་བར་ལོ་ངོ་ ༢༡ ལྷག་རིང་ཟློས་གར་གྱི་ཚོང་བཅོལ་ཅ་དངོས་རྩིས་གཙང་མ་བཟོས་པར་བརྟེན། མཆོད་འཇོར་ས་འགོ་སྐབས་བཞི་པའི་ས་གནས་འགོ་འཛིན་གྱི་འོས་ཆོས་མ་ཚང་བར་ཆད་འགེལ་ཐག་གཅོད་གནང་བ་ཡིན།
བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ་ཞེས་པའི་གོ་དོན་ནི། ཁྲིམས་དོན་གྱི་བྱ་རིམ་ཐོག་ནས་སོ་སོའི་ཁ་རྗེ་དབང་ཐང་གིས་གཞན་ནས་གཡར་ལེན་བྱས་པའི་བུ་ལོན་སྒྲུབ་འཇལ་གྱི་ནུས་པ་མེད་པ་གང་ཞིག་ལ་ཁྲིམས་ཁང་རང་ནས་ཐག་གཅོད་ཚོང་རྐུབ་རྡིབ་པ་ bankruptcy ཞེས་བརྗོད་པ་དང་། རྒྱུ་ནོར་གྱི་གནས་སྟངས་ཆ་ནས་བུ་ལོན་སྒྲུབ་འཇལ་མ་ཐུབ་པའི་སྐྱེ་བོ་གང་ཞིག་ནས་ཞུ་གཏུགས་ཀྱིས་ཁྲིམས་ཁང་ནས་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པའི་གནས་སྟངས་མེད་པར་ཆགས་པའི་ངོས་ལེན་གནང་མེད་པ་ཡིན་ན། Undischarged insolvent སྐྱེ་བོ་དེ་གཞུང་གི་གནད་ཡོད་ལས་གནས་ཐོག་འོས་བསྡུའི་ལམ་ནས་འཛུལ་ཞུགས་ཀྱི་འོས་ཆོས་ཚང་གི་མེད་པ་ནི་གཞུང་གི་གནད་ཡོད་ལས་སྣེར་འོས་ཆོས་འདི་བཞག་པའི་རྒྱལ་ཁབ་ཕལ་མོ་ཆེའི་འགྲེལ་བཤད་རྒྱག་སྟངས་ཡིན་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༧༢ ནང་གསེས་ ༡ དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༧༧ ནང་གསེས་ ༤ པར་ས་གནས་འགོ་འཛིན་གྱི་འོས་ཆོས་སུ་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ་ཞེས་པ་སྐབས་འདིར་ཕྱི་མ་དེར་འཇུག་ཅིང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༤ པ་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༦ ནང་གསེས་ ༦ པ། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་དོན་ཚན་ ༤ ནང་གསེས་ ༡ ག ༦ བཅས་སུ། རང་དབང་ཅན་གྱི་སྡེ་ཚན་གསུམ་གའི་འགན་འཛིན་དང་ལས་རོགས་ཀྱི་འོས་ཆོས་སུ། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་དང༌། གཞུང་དངུལ་རྩིས་ཆད་འབུལ་བསྡད་ཡོད་པ་མ་ཡིན་པ་ཞེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དོན་ཚན་ ༧ ནང་གསེས་ ཅ༽ ལས་བྱེད་པ་རྣམས་ཀྱི་འོས་ཆོས་སུ། བུ་ལོན་སྒྲུབ་འཇལ་མ་བྱས་པ་མ་ཡིན་པ་ཞེས་གསལ་བ་རྣམས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་དང་འཚམས་པའི་འགྲེལ་བརྗོད་ནི། སྐྱེ་བོ་གང་ཞིག་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཕོངས་ནས་གཞན་དབང་དུ་གྱུར་པའམ། སྤྱི་སྒེར་ནས་དངུལ་དངོས་གཡར་ལེན་བྱས་པ་དུས་བཀག་ནང་ཚུན་སྐྱིན་གསབ་ཀྱི་འགན་ཁུར་མི་ལེན་པ་ཞིག་ལ་གོ་དགོས་པ་ཡིན།
ལྡོག་གཏུག་གནད་དོན་དང་པོ། ལྡོག་གཏུག་རྩོད་ལན་པ་ཀོང་པོ་དོན་གྲུབ་ནས་ས་གནས་ DSP ལ་སྙན་ཞུ་ཕུལ་མེད་པའི་ཁུངས་སྐྱེལ་མ་ཐུབ་པའི་ངོས་འཛིན་གནང་བ་བཞིན། སྐབས་དེར་ས་གནས་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་རོགས་ནས་ལྡོག་གཏུག་རྩོད་ལན་པར་ནང་དོན་བཀའ་མོལ་གནང་སྟེ། ལྡོག་གཏུག་རྩོད་ལན་པས་གནས་ཡུལ་སྐོར་སྲུང་ལས་ཁུངས་སུ་ཕུལ་བའི་སྙན་ཞུ་ཕྱིར་འཐེན་བྱས་ཡོད་ནའང་། བཙན་བྱོལ་བོད་མིའི་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལ་ལྟོས་མེད་བྱས་ནས་གནས་ཡུལ་སྐོར་སྲུང་ལས་ཁུངས་སུ་སྙན་ཞུ་ཕུལ་ཏེ་འོས་བསྡུའི་ལས་དོན་ལ་འགོག་རྐྱེན་བཟོ་རྩིས་བྱས་པར་བརྟེན། ལྡོག་གཏུག་རྩོད་ལན་པ་ཀོང་པོ་དོན་གྲུབ་ལ་ཧིན་སྒོར་ ༧༠༠༠ (བདུན་སྟོང་) ཐམ་པ་ཆད་འགེལ་ཐག་གཅོད་གནང་བས། དངུལ་འབབ་ཆེས་མཐོའི་ཁྲིམས་ཞིབ་ཁང་བརྒྱུད་གཞུང་འབུལ་ཞུ་དགོས།
གཉིས་པ། གནད་དོན་དྲུག་པ་འདི་བཞིན་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང་། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱེད་དགོས་པ་བཅའ་ཁྲིམས་དོན་ཚན་ ༩༧ ནང་གསེས་ ༦ པ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༨ ནང་གསེས་ ༢ པར་གསལ་ཡོད་རུང་། ས་གནས་འོས་བསྡུ་ལས་ཁང་གི་ཐག་གཅོད་འགྲིག་དང་འགྲིག་མིན་ལ་ཁྲིམས་མཐུན་ཞིབ་འཇུག་གང་བྱས་ཀྱི་སྙན་ཐོ་དང་ཐག་གཅོད་བྱས་པའི་དཔང་རྟགས་འདོན་འབུལ་ཐུབ་མེད་པ་མ་ཟད། “འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་ཉིད་ཀྱི་ཞུ་སྦྱོར་དང་འདྲ་མཚུངས་ས་གནས་ཁ་ཤས་ལ་ཡོང་གི་ཡོད་སྟབས། ས་གནས་འོས་བསྡུ་འགན་འཛིན་དང་འབྲེལ་ཡོད་ཚོགས་མི་རྣམས་ནས་སྐབས་དེར་ཞིབ་འཇུག་ཐག་གཅོད་ཇི་ལྟར་བྱུང་མིན་ས་གནས་དེའི་འགན་འཁུར་གནང་མཁན་རྣམས་ནས་ལེགས་པ་ཞིབ་ཕྲ་ཤེས་རྟོགས་ཡོད་པར་སོང་། ས་གནས་ཀྱི་ཇི་ལྟར་ཐག་གཅོད་བྱས་པ་ཞིག་ལ་དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་ཐེ་བྱུས་བྱེད་སྲོལ་མེད་”ཅེས་ད་དུང་དེ་ལྟར་བརྗོད་པ་དེས། དབུས་འོས་བསྡུ་ལས་ཁང་ནས་བཅའ་སྒྲིག་དགོངས་དོན་གྱི་འགན་དབང་ལག་བསྟར་མ་བྱས་པར་ངོས་འཛིན་གྱི་ཐག་གཅོད་གནང་བ་ཡིན་ན། དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལ་ཧིན་སྒོར་ ༢༠༠༠༠ (ཉིས་ཁྲི་)ཆད་འགེལ་ཐག་གཅོད་གནང་བས། དངུལ་འབབ་ཕོགས་ཐོབ་ནས་གཅོག་འཐེན་གྱིས་གཞུང་འབུལ་ཞུ་དགོས།
གསུམ་པ། གནད་དོན་གཉིས་པ། ཀོང་པོ་དོན་གྲུབ་ཀྱི་མིང་དངོས་གཞིའི་འོས་གཞི་ནས་ཕྱིར་འཐེན་བྱས་པ་དོ་བདག་ཀོང་པོ་དོན་གྲུབ་ནས་འགྲིག་པའི་ཁས་ལེན་བྱས་ལུགས་རྩོད་ལན་པ་ ༢ བདུད་འདུལ་རྡོ་རྗེ་ནས་ཁུངས་སྐྱེལ་མ་ཐུབ་པར་ངོས་འཛིན་གནང་བ་དང་། ལྡོག་གཏུག་གནད་དོན་གཉིས་པ། ལྡོག་གཏུག་རྩོད་ལན་པ་ཀོང་པོ་དོན་གྲུབ་ནས་ལྡོག་གཏུག་པ་བདུད་འདུལ་རྡོ་རྗེ་ལ་སྡིགས་རའི་ཁ་པར་བཏང་ལུགས་ལྡོག་གཏུག་པས་ཁུངས་སྐྱེལ་མ་ཐུབ་པར་ངོས་འཛིན་གནང་བ། གནད་དོན་གསུམ་པ། རྩོད་ལན་པ་གཉིས་པ་བལ་ཡུལ་འོས་བསྡུའི་འགན་འཛིན་ཟུར་པ་བདུད་འདུལ་རྡོ་རྗེ་ནས། ཞུ་སྦྱོར་བ་ཀོང་པོ་དོན་གྲུབ་དངོས་གཞིའི་འོས་གཞིའི་མིང་ཐོའི་ཁོངས་ནས་ཕྱིར་འཐེན་གྱི་བཀའ་ཁྱབ་བཏང་བ་དེ། དབུས་དང་། ས་གནས་འོས་བསྡུ་ལས་ཁང་གི་འོས་བསྡུ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༠ པའི་དགོངས་དོན་གཞིར་བཟུང་ད་རེས་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་སྐབས་བཞི་པའི་འོས་བསྡུའི་ལས་དོན་ཐག་གཅོད་བྱེད་ཕྱོགས་སྒྲིག་མཐུན་མ་བྱུང་བར་ངོས་འཛིན་གནང་དོན་གྱི་འགལ་འཛོལ་གཙོ་བོར་བརྟེན། རྩོད་ལན་པ་ ༢ བདུད་འདུལ་རྡོ་རྗེ་ལ་ཧིན་སྒོར་ ༡༠༠༠༠ (ཆིག་ཁྲི་)ཆད་འགེལ་ཐག་གཅོད་གནང་བས། དངུལ་འབབ་ཕོགས་ཐོབ་ནས་གཅོག་འཐེན་གྱིས་གཞུང་འབུལ་ཞུ་དགོས་ཞེས་དང་།
བཀོད་ཁྱབ། བཅད་ཁྲ་འདི་གཏོང་ཚེས་ནས་བཟུང་ཉིན་གྲངས་ ༣༠ ནང་ཚུན་བཅད་ཁྲའི་དགོངས་དོན་ཉམས་ལེན་ལག་བསྟར་དགོས་རྒྱུ་དང་། རྩོད་ལན་པ་ ༡ དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་དང་། རྩོད་ལན་པ་ ༢ ཀཐ་མན་གྲུ་ས་གནས་འོས་བསྡུའི་འགན་འཛིན་ཟུར་པ་བདུད་འདུལ་རྡོ་རྗེ་(སྒང་ཏོག་ས་གནས་འགོ་འཛིན་ལས་ཐོག་པ་)གཉིས་ཀྱི་ཆད་འགེལ་དངུལ་འབབ་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་གཅོག་ཆ་གནང་སྟེ་དཔལ་འབྱོར་ལས་ཁུངས་སུ་ཕུལ་བའི་བྱུང་འཛིན་གྱི་ངོ་བཤུས་རེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འབུལ་དགོས་རྒྱུ་དང་། ལྡོག་གཏུག་རྩོད་ལན་པ་ཀོང་པོ་དོན་གྲུབ་ནས་ཆད་འགེལ་དངུལ་འབབ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཐད་ཀར་འབུལ་དགོས་པ་བཅས་ཀྱི་བཅད་ཁྲ་བཀོད་ཁྱབ་གཅིག་བསྡུས་སུ་ཞེས་བཀོད་འདུག ཁ་མཆུ་འདིར་ད་དུང་རྩོད་ལན་པ་གསུམ་པ་ཀཐ་མན་གྲུ་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་མི་དམར་རྡོ་རྗེ་དང་། རྩོད་ལན་པ་བཞི་པ་ནང་སྲིད་ལས་ཁུངས་བརྒྱུད་ཟུང་དྲུང་ཚེ་རིང་མཚོ་མོ་གཉིས་ལའང་གྱོད་འཛུགས་བྱས་ཡོད་ནའང་། ཞུ་རྩའི་དོན་ཚན་ཁག་ཏུ་མིག་དམར་རྡོ་རྗེ་ལ་སྐྱོན་འཛུགས་གང་ཡང་མེད་པར་བརྟེན། ཐོག་མའི་ཉན་ཞིབ་སྐབས་སུ་ཕྱིར་འཐེན་དགོས་པའི་ཐག་གཅོད་གསལ་བསྒྲགས་གནང་འདུག་པ་དང་། ཚེ་རིང་མཚོ་མོ་ཞུ་སྦྱོར་བས་ཁ་མཆུ་ཕྱིར་འཐེན་གྱི་སྙན་ཞུ་ཕུལ་འབྱོར་དོན་བཀའ་འཁྲོལ་གནང་བ་ཞིག་ཡིན་འདུག ཁ་མཆུ་འདིའི་ཐོག་མའི་ཉན་ཞིབ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ཉིན་འགོ་འཛུགས་གནང་སྟེ། མཐའ་བསྡོམས་རྩོད་བཤད་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་གནང་ཡོད་པ་དང་། དེ་རིང་བཅད་ཁྲ་ཁྱབ་བསྒྲགས་གནང་བའི་བར་ཟླ་ངོ་གསུམ་ཡང་སོང་མེད་པས། ཐག་གཅོད་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པོ་བྱུང་འདུག