༢༠༡༤ ཟླ་ ༧ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བསོད་ནམས་གླིང་ས་གནས་ལས་ཁུངས་ཀྱི་ཉེ་འདབས་སུ་ཉེ་ཆར་གསར་དུ་བཞེངས་པའི་དཔལ་ལྡན་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་རབ་གནས་དབུ་འབྱེད་མཛད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ལ་གསར་དུ་བཞེངས་པའི་དཔལ་ལྡན་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་རབ་གནས་དབུ་འབྱེད་མཛད་སྒོར་ཤར་པ་ཆོས་རྗེ་མཆོག་དང་། རྟོག་ལྡན་རིན་པོ་ཆེ་མཆོག སེར་བྱེས་མཁན་རིན་པོ་ཆེ་མཆོག ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོས་དབུས་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཞོན་དང་། ལ་དྭགས་བསོད་ནམས་གླིང་གཞིས་སྒར་གྱི་ས་གནས་འགོ་འཛིན། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་དགོན་པའི་སྦྱིན་བདག་ཁག སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བར་སྐབས་རུ་ཐོག་དགོན་པ་ཉམས་གསོ་རྒྱ་སྐྱེད་བྱུང་ཡོད། གལ་ཆེ་ཤོས་ད་ལྟ་ལས་བསྡོམས་ནང་འཁོད་པ་ལྟར། མང་ཚོགས་ཀྱི་ཤེས་ཡོན་སྤྱི་དང་ལྷག་པར་སངས་རྒྱས་པའི་ཆོས་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུར་ཁྱེད་ཚོས་འབད་བརྩོན་བྱས་ཏེ་དགོན་པ་གཅིག་བཙུགས་པའི་དོན་གོ་ཚང་བ་ཧ་ཅང་ཡག་པོ་བྱུང་འདུག དགོན་པའི་རྟེན་དང་བརྟེན་པ་བཅས་ཉམས་གསོ་བྱེད་མཁན་གྱི་སྦྱིན་བདག་ཁ་ཤས་འདིར་འཁོད་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་དགོན་པ་འདིར་ནང་ཆོས་སློབ་སྦྱོང་སྤྲོད་རྒྱུའི་བསྟི་གནས་ཁང་ཞིག་འཛུགས་རྒྱུར་འཁུར་ཆེན་པོ་བླངས་འདུག ཧ་ཅང་གལ་ཆེན་པོ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོན་པོ་བསླེབས་ཡོད་ཀྱང་། རྙོག་གྲ་མང་པོ་ཡོང་གི་ཡོད་པ་དེ་དག་མིས་བཟོས་པ་ཞིག་ཆགས་ཡོད། རང་བྱུང་ཁོར་ཡུག་གི་རྙོག་གྲ་ཡང་ཆ་རྐྱེན་གཅིག་ང་ཚོ་མིས་རང་བྱུང་ཁོར་ཡུག་ལ་བསམ་བློ་མ་བཏང་བར་བརྟེན། རང་བྱུང་ཁོར་ཡུག་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད། དེར་བརྟེན་རྙོག་གྲ་མང་པོ་ཞིག་མི་རང་ཉིད་ཀྱིས་བཟོས་པ་ལྟ་བུ་འདུག མི་སུ་དང་སུ་ཡིན་རུང་བདེ་བ་འདོད་པ་མ་གཏོགས་རྙོག་གྲ་འདོད་མཁན་མེད། རྙོག་གྲ་མི་འདོད་བཞིན་དུ་རྙོག་གྲ་ང་ཚོས་བཟོ་གི་ཡོད།
རྩ་བའི་ང་ཚོ་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ལྟ་བུ་ཆགས་འདུག རང་ཉིད་སྐྱེས་པའི་ཉིན་མོ་ནས་མ་ཤི་བར་སྤྱི་ཚོགས་ལ་བརྟེན་ནས་འཚོ་བཞིན་ཡོད། གང་ལ་བརྟེན་པའི་སྤྱི་ཚོགས་དེར་མགོ་སྐོར་གཏོང་རྒྱུས་མཚོན། ཐུབ་ཚོད་དང་། དབང་ཡོད་ཤོད་རྒྱུ། ཐ་ན། གསོད་རེ་གཏོང་རྒྱུ་སོགས་བྱས་པ་ནི་ནོར་འཁྲུལ་རེད། སོ་སོའི་སྒེར་དོན་ལ་བསམ་བློ་བཏང་ནས་རང་ཉིད་འཚོ་སའི་སྤྱི་ཚོགས་དེར་ཞབས་འདེགས་དང་ཕན་ཐོགས་བསྒྲུབས་དགོས། ཇི་ཙམ་གྱིས་གཞན་ལ་གུས་བརྩི་ཡོད་པ་དེའི་ཚོད་ཀྱིས་སོ་སོ་སྒེར་གྱི་དོན་དག་རང་བཞིན་འབད་མེད་ལྷུན་འགྲུབ་ཡོང་གི་རེད། ཇི་ཙམ་གྱིས་རང་དོན་ཁོ་ན་དང་སྤྱི་ཚོགས་བློས་བཏང་སྟེ་དོ་སྣང་མ་བྱས་ན་སོ་སོར་གྱོང་རག་གི་རེད། དེ་ཚོ་དངོས་ཡོད་གནས་ཚུལ་རེད། སྐྱེ་བ་སྔ་ཕྱི་གང་ཡང་མིན། ཐར་པ་དང་ཐམས་ཅད་མཁྱེན་པར་ཡིད་ཆེས་མེད་ནའང་། མི་ཚེ་སྐྱིད་པོ་ཡོང་ཆེད་སེམས་ལ་ཞི་བདེ་དགོས་རྒྱུར། གཞན་ལ་བརྩེ་བ་དང་། གུས་ཞབས་བྱེད་རྒྱུ་དེ་རྩ་བ་ཐུག་ཡོད། དེ་ནི་སྤྱིར་ཆོས་ལུགས་ཚང་མས་གསུང་གི་ཡོད། ཡང་སྒོས་སངས་རྒྱས་པའི་ཆོས་དེའི་ནང་ནས་ཐེག་ཆེན་གྱི་ཆོས་ནང་མ་རྒན་སེམས་ཅན་ཐམས་ཅད་ཅེས་ང་ཚོ་ཚང་མས་རྗོད་བཞིན་ཡོད། འདི་ནི་དད་པ་ཁོ་ནའི་སྐད་ཆ་མིན་པར་རྒྱུ་མཚན་ཡོད།
དེང་སང་སྤྱི་ཚོགས་དང་འཕྲོད་བསྟེན་ཐོག་བསམ་བློ་གཏོང་མཁན་ཚན་རིག་པ་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་ཡིད་དབང་འཕྲོག་བཞིན་ཡོད། འདི་ལྟ་བུ་སངས་རྒྱས་ཀྱི་ཆོས་ཡོད་པ་དེར་སློབ་སྦྱོང་མ་བྱས་པར་སྐྱབས་སུ་མཆི་ཞེས་བརྗོད་ནས་བསྡད་ན་གྱོང་གུན་རེད། དེར་བརྟེན་དགོན་པ་འདི་ནས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུར་ད་ལྟ་བར་ཧུར་ཐག་བྱས་འདུག འདི་ཧ་ཅང་གལ་ཆེན་པོ་རེད། ཁ་སྔོན་ངོས་རང་རྒྱ་གར་ཤར་ཕྱོགས་མེ་གྷ་ལ་ཡ་མངའ་སྡེར་བསྐྱོད་སྐབས་ཁུལ་དེར་བོད་པའི་དགོན་པ་ཆུང་ཆུང་ཞིག་འདུག ཁོང་ཚོར་གདན་ས་ཚོས་རེ་མོས་བྱས་ཏེ་ལྟ་གི་ཡོད། ཅེས་བརྗོད་བྱུང་། སྐབས་དེར་བློ་གསལ་གླིང་གིས་ལྟ་གི་ཡོད་པར་བརྟེན་བློ་གསལ་གླིང་གི་མཁན་པོ་དེར་ཕེབས་འདུག དེ་དུས་ངོས་ཀྱིས་ཁྱེད་རང་ཚོ་འཛིན་གྲྭ་ཚོགས་དགོས་ཀྱི་རེད། ཅེས་བརྗོད་པ་ཡིན། འཛིན་གྲྭའི་ནང་སློབ་སྦྱོང་སྤྲོད་རྒྱུ་དེ་ཡང་སྔོན་ལ་སེམས་ཁམས་རིག་པའི་སྐོར་ངོ་སྤྲོད་དང་སེམས་ཀྱི་འགྲོ་སྟངས་བཤད་དགོས། དེ་ནས་རེ་དོགས་དང་ཆགས་སྡང་གི་བློས་སེམས་དཀྲུག་གི་ཡོད་པ་དེ་འགྲེལ་བཤད་རྒྱག་དགོས།
སེམས་དཀྲུག་མཁན་གྱི་རེ་དོགས་ལུ་གུ་རྒྱུད་ནས་བཅིངས་པའི་རྩ་བ་ཆགས་སྡང་ལ་ཐུག་ཡོད། དེའི་རྒྱུ་རྐྱེན་གང་ཡིན་མིན་དང་སེམས་དཀྲུག་མཁན་དེ་ཤུགས་ཆུང་དུ་གཏོང་ཆེད་དེའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་དགོས། རྒྱུ་རྐྱེན་གྱི་ཤུགས་དེ་མར་བཅག་པའི་ཐོག་ནས་དེའི་འབྲས་བུ་ཆགས་སྡང་དང་རེ་དོགས་ལུ་གུ་བརྒྱུད་ནས་བཅིངས་པ་དེ་ཉུང་དུ་གཏོང་རྒྱུའི་ཐོག་སློབ་སྦྱོང་སྤྲོད་དགོས་ཞེས་བརྗོད་པ་ཡིན། སངས་རྒྱས་པའི་ཆོས་སློབ་སྦྱོང་སྤྲོད་རྒྱུའི་རྒྱུ་ཆ་ཡོད། འདི་ང་རང་ཚོ་ནང་པ་ཁོ་ནའི་བདག་པོ་བརྒྱབ་ནས་བསྡད་ན་དཔེ་མཁྱུད་རེད། སྔ་མོ་ངོས་རང་དབུ་ཆེན་འབྲི་རྒྱུའི་ཀློག་དེབ་དག་ཡིག་སྒྲོན་གསལ་ནང་ཡོད་པའི་དཔེ་མཁྱུད་དང་མཁན་པོ། མཁས་པ། མཁྱེན་བཅས་ཀྱི་ཚིགས་བཅད་གཅིག་བཟོས་ཏེ། དཔེ་མཁྱུད་མཁན་པོ་མཁས་པས་མཁྱེན། ཞེས་པའི་ཚིག་འདི་དྲན་གྱི་འདུག མི་སྤྱི་ལ་ཕན་ཐོགས་ཡོད་པའི་ནང་ཆོས་འདི་ལྟ་བུ་ང་རང་ཚོ་ཁོ་ན་མ་གཏོགས་མི་གཞན་ལ་མ་བསླབ་ན་དཔེ་མཁྱུད་ཆགས་ཀྱི་ཡོད།
ང་ཚོས་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱི་ཡོད། ནང་པར་འགྱུར་རྒྱུའི་སྐད་ཆ་མིན། ནང་པའི་གཞུང་ནང་ནས་མིར་ཕན་ཐོགས་བྱེད་ཐུབ་རྒྱུ་ཡོད་པ་དེ་དག་ང་ཚོས་ཡིན་གཅིག་བེད་སྤྱོད་བྱེད་དགོས། ཁྱེད་རང་ཚོའི་ལྷ་ཁང་ཆུང་ཆུང་དེར་བློ་གསལ་གླིང་གི་དཔེ་ཆ་ཤེས་མཁན་དེ་འདྲ་རེ་མོས་བྱས་ནས་འདིར་ཡོང་སྟེ། སེམས་ཁམས་རིག་པ་དང་སེམས་སྐྱིད་མ་སྐྱིད་སོགས་གང་འདྲ་ཡོང་གི་ཡོད་མེད་འགྲེལ་བཤད་རྒྱག་དགོས། ནང་ཆོས་ཤོད་ཡུལ་ཞིག་མིན་པ་བྱེད་དགོས། དེ་ལྟར་བྱས་ན་མུ་སྟེགས་པ་དང་ཆོས་ལ་དད་པ་མེད་མཁན་ཡང་ཡོང་གི་རེད། དེ་ལྟ་བུའི་ཐོག་ནས་ཚང་མར་ཕན་ཐོགས་ཡོད་པ་ཞིག་བྱུང་ན་ཡག་པོ་འདུག་ཅེས་བརྗོད་རྒྱུ་བྱུང་། ངོས་ཀྱིས་ལ་དྭགས་ནང་ཡོད་པའི་དགོན་པ་ཚོར་ཡང་སློབ་སྦྱོང་བྱེད་དགོས་རེད། ཅེས་རྟག་ཏུ་བརྗོད་ཀྱི་ཡོད། ངོས་རང་ཁ་ན་ན་དང་ལ་དྭགས་པ་ཚོར་རྣ་ཅོག་ཚ་ཚ་བཤད་ཡོད། ང་རང་ཚོ་བོད་པའི་དགོན་པ་ཚོ་ཡང་ད་ལྟ་བཞིན་སློབ་སྦྱོང་ཐོག་ཤུགས་བརྒྱབ་ནས་དོ་སྣང་བྱེད་མཁན་མང་དུ་ཕྱིན་ན་བསྙེན་བཀུར་ཞུ་མཁན་ཡོང་གི་རེད། ང་ཚོས་ཞབས་བརྟན་བྱས་ཏེ་ཁྱེད་རང་གི་བར་ཆད་དང་བགེགས་སེལ་གྱི་རེད་ཅེས་བརྗོད་ན། ཁ་ཤས་ཀྱི་ཉན་སྲིད་པ་རེད། ཁ་ཤས་ཀྱི་དེར་ཡིད་ཆེས་མེད་རྗོད་མཁན་ཡང་ཡོང་སྲིད་པ་རེད། དེ་ལས་ཁ་ཡོད་ལག་ཡོད་ཀྱི་སློབ་སྦྱོང་སྤྲོད་ཀྱི་འདུག དངོས་གནས་བསམ་བློ་གཏོང་སྟངས་ལ་ཕན་གྱི་འདུག་ཅེས་རྗོད་མཁན་བྱུང་ན་མི་དགའ་སྤྲོ་སྐྱེས་ཀྱི་རེད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།།