༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༧ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་རྒྱལ་ས་སླེ་ནས་ཀི་ལོ་མི་ཊར་བརྒྱད་ཙམ་གྱི་སར་ཆགས་པའི་ཞི་བའི་ཚལ་གྱི་གསུང་ཆོས་རྭ་བར་ཆོས་ཞུ་བ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྔ་དྲོའི་ཆོས་ཐུན་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་ཞལ་མ་བསྒྱུར་གོང་རྒྱ་རིགས་ ༢༠༠ ཙམ་ལ་མཇལ་ཁ་སྩལ་ཏེ་ཐོག་མར་རྒྱ་རིགས་ཚོས་དཀའ་ངལ་ལ་མ་འཛེམས་པར་དུས་འཁོར་དབང་ཆེན་དུ་ཡོང་ཐུབ་པར་འཚམས་འདྲི་དང་ལྷན་བཀའ་སློབ་ཕེབས་དོན།
བོད་དང་རྒྱ་ནག་ནི་མི་ལོ་ ༡༠༠༠ ལྷག་ཙམ་གྱི་གོང་ནས་འབྲེལ་བ་ཡོད། དུས་རབས་བདུན་པའི་ནང་བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གི་རྒྱལ་པོའི་སྲས་མོ་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བཙུན་མོར་བཞེས་ཏེ། རྒྱ་བཟས་རྒྱ་ནག་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བོད་དུ་གདན་འདྲེན་ཞུས་པ་དེང་སྐབས་ལྷ་སར་ཕྱག་མཆོད་ཀྱི་རྟེན་གཙོ་ཞིག་ཆགས་ཡོད། སྲོལ་རྒྱུན་ཐོག་ནས་བརྗོད་ན། རྒྱ་ནག་དེ་ནང་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། བོད་ལས་རྒྱ་ནག་ནང་དུ་སངས་རྒྱས་ཀྱི་བསྟན་པ་དར་སྔ་བར་བརྟེན། ངོས་ཀྱིས་རྒྱ་རིགས་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་དང་། ང་ཚོ་བོད་མི་རྣམས་དགེ་ཕྲུག་གཞོན་པ་ཆགས་ཡོད། ཅེས་ཡང་ཡང་རྗོད་བཞིན་ཡོད། འོན་ཀྱང་ང་ཚོ་དགེ་ཕྲུག་གཞོན་པ་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་ཞབས་འདྲེན་ཞུས་མེད།
ལོ་ཤས་གོང་པེ་ཅིང་གཙུག་ལག་སློབ་གྲྭས་དཔྱད་ཞིབ་བྱས་པ་ལྟར་ན། རྒྱ་ནག་ཏུ་དེང་སྐབས་ནང་པ་ས་ཡ་ ༣༠༠ ཙམ་ཡོད་པ་མ་ཟད། དུས་དེ་ནས་ད་བར་འཕེལ་རིམ་ལ་དཔག་ཚེ་དེང་སྐབས་རྒྱ་ནག་ནང་རྒྱ་རིགས་ནང་པ་ས་ཡ་ ༤༠༠།༥༠༠ ཙམ་འཕེལ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད།
ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཕ་རན་སི་ནང་རྒྱལ་དོན་ཕྱོགས་བསྐྱོད་སྐབས་རྒྱ་ནག་གི་རིག་གཞུང་སླར་གསོ་ཆེད་ནང་ཆོས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་བརྗོད་འདུག བཀའ་འགྱུར་ནང་གི་མདོ་ཚན་རྒྱ་སྐད་ནང་བསྒྱུར་བ་མང་བ་ཡོད། འོན་ཀྱང་བསྟན་འགྱུར་བོད་སྐད་ནང་བསྒྱུར་བ་མང་བ་ཡོད། དེ་ལྟར་ནའང་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའི་དགོངས་དོན་ནང་བདེན་གཉིས་རྣམ་གཞག་ཆ་ཚང་བ་ཞིག་གསུངས་པ་དེར་ང་ཚོས་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་དུས་རྒྱུན་རྒྱ་རིགས་ཆོས་གྲོགས་རྣམས་ལ་རྩེད་མོ་དང་སྦྲགས་འདི་ལྟར་བརྗོད་ཀྱིས་ཡོད། འོད་དཔག་མེད་ལ་ཕྱག་འཚལ་ལོ། ཞེས་ཁ་ནས་མ་ཎི་བགྲང་འདོན་ཇི་ཙམ་བྱས་ཀྱང་དེ་ཙམ་གྱིས་འདང་གི་མེད། གལ་ཏེ་དེ་ཙམ་གྱིས་ཆོག་ཤེས་བྱས་ནས་ཕྱིན་པ་ཡིན་ན་ཡི་ཤུ་དང་ཁ་ཆེའི་ཆོས་པ་ཚོ་དང་དེ་ཙམ་གྱི་ཁྱད་པར་མེད་པ་ཞིག་ཆགས་རྒྱུ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་རང་རྒྱུད་ཉོན་མོངས་རྣམས་ལ་གཉེན་པོ་བསྟེན་ནས་རིམ་བཞིན་ཐར་པའི་གོ་འཕང་འཐོབ་རྒྱུ་ཡིན་པ་གསུངས་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད།
སླར་ཡང་ཞལ་ཤོབ་ཚུལ་དུ་བཀའ་སློབ་ཕེབས་དོན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་གཅིག་གིས་ཏཱ་ལའི་བླ་མ་བདུད་རེད། ཅེས་ཤོད་ཀྱི་ཡོད། འོན་ཀྱང་ངོས་རང་ལ་བདུད་ལབ་པ་དང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད། ཅེས་གང་བརྗོད་ཀྱང་ཁྱད་པར་གང་ཡང་མི་འདུག གཙོ་བོ་སྟོན་པས་གསུངས་པའི་ཆོས་ཉམས་ལེན་བྱ་རྒྱུ་དེ་ངོས་ཀྱིས་གལ་ཆེ་ཤོས་སུ་རྩི་བཞིན་ཡོད། མི་དམངས་སྤྱི་མཐུན་ཟེར་བའི་མིང་དེས་འདྲ་མཉམ་སྟོན་བཞིན་ཡོད་པར་བརྟེན་ངོས་རང་ཚིག་འདི་ལ་དགའ་པོ་ཡོད། ངོས་རང་དེ་སྔ་མའོ་ཙེ་ཏུང་དང་མཇལ་འཕྲད་སྐབས། ཁོང་ནི་མི་རིགས་འདྲ་མཉམ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། མི་རིགས་ཆེན་པོའི་རིང་ལུགས་ལ་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཞིག་ཡིན། དེང་སྐབས་འཛམ་གླིང་ནང་གི་དཀའ་ངལ་མང་དག་ཅིག་འདྲ་མཉམ་མེད་པ་ལས་བྱུང་བར་བརྟེན། ནམ་ཞིག་དོན་དམ་གྱི་འདྲ་མཉམ་ཞིག་བྱུང་ཚེ་དཀའ་ངལ་དེ་དག་རང་བཞིན་གྱིས་སེལ་འགྲོ་ངེས་རེད། རྒྱ་རིགས་མི་འབོར་དུང་ཕྱུར་ཅུ་སུམ་ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། གལ་ཏེ་དངོས་ཡོད་གནས་ཚུལ་རྣམས་ཤེས་ཐུབ་པ་བྱུང་ན་བདེན་བརྫུན་རྣམ་པར་འབྱེད་པའི་ཤེས་རབ་ཀྱང་ཡོད། རྒྱ་ནག་ནང་གཞུང་གིས་དམ་བསྒྲགས་ཧ་ཅང་ཆེ་བའི་སྲིད་བྱུས་དེ་དག་རྒྱ་གར་དང་ཉི་ཧོང་ཡུལ་ནང་ཡོང་མི་སྲིད་པ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་དམ་བསྒྲགས་དེ་ལྟར་བྱས་ཚེ་མི་དམངས་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་སྐབས་མེད།
དེར་བརྟེན་དམ་བསྒྲགས་དེ་དག་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཆགས་ཡོད། དམ་བསྒྲགས་དེ་འདྲ་བྱས་པ་དེས་གཞི་རིམ་མང་ཚོགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་མེད་པའི་རྟགས་རེད། དེང་སྐབས་རྒྱ་ནག་སྟོབས་ཤུགས་རྒྱས་བཞིན་པའི་དུས་སྐབས་འདིར་འཛམ་གླིང་སྤྱི་ལ་སྨན་པའི་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཡོད། འོན་ཀྱང་དེ་ལྟར་ཡོང་བར་ཐོག་མར་འཛམ་གླིང་གི་ཡིད་ཆེས་དང་གུས་བརྩི་ཐོབ་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།