༢༠༡༤ ཟླ་ ༧ ཚེས་ ༤ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བསོད་ནམས་གླིང་གཞིས་སྒར་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ཉིན་མགོན་པོ་གང་ཉིད་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་སྒར་གྱི་ཚོགས་ཁང་གསར་པ་དབུ་འབྱེད་དང་བོད་ཀྱི་སྐད་ཡིག་གཙོས་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་དགོས་སྐོར་གྱི་བཀའ་སློབ་སྩལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་གསུང་ཆོས་རྭ་བ་ནས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་ཆིབས་སྒྱུར་གྱི་༸ཞབས་སོར་འཁོད་སྐབས། ས་གནས་གཞིས་སྒར་གྱི་བོད་མི་ཚོས་བོད་ལུགས་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་དང་གླུ་དབྱངས་ཀྱི་མཆོད་སྤྲིན་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་དགའ་ལྡན་ཕོ་བྲང་ནས་མཐུན་འགྱུར་འོག་གསར་སྐྲུན་ཟིན་པའི་ལ་དྭགས་བསོད་ནམས་གླིང་གཞིས་སྒར་གྱི་ཚོགས་ཁང་གསར་པ་དབུ་འབྱེད་དང་རབ་གནས་མཛད་ཡོད།
དེ་ནས་༸གོང་ས་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་རྩེད་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ་ལ་དྭགས་བོད་ཁྱིམ་སློབ་ཟུར་ཡོངས་ནས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་རྒན་པ་རྒན་བློ་བཟང་བསྟན་འཛིན་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་ཆེད་གོ་སྒྲིག་གནང་བའི་གཟེངས་རྟགས་གསོལ་རས་སྩལ་ཏེ་དེར་འདུས་བོད་ནས་ཕེབས་པའི་ཆོས་ཞུ་བ་དང་། ལ་དྭགས་བྱང་ཐང་ས་ཁུལ་བརྒྱད་ནས་ཕེབས་པའི་བོད་མི། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་ཆོས་ཞུ་བ། ལ་དྭགས་བོད་ཁྱིམ་གྱི་སློབ་ཟུར། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཆེ་བའི་དགེ་ལས་སློབ་ཕྲུག དགེ་བཙུན། བསོད་ནམས་གླིང་བརྒྱ་ཤོག་བཅུ་གཉིས་ཀྱི་མང་ཚོགས་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་དམིགས་བསལ་བཀའ་སློབ་ཕེབས་དོན།
དེ་རིང་འདི་གར་ཁྱེད་རང་ཚོ་མང་པོ་འཛོམས་འདུག ཐོག་མར་ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། བོད་མི་ཚོར་ལོ་རྒྱུས་ཧ་ལམ་ལོ་སྟོང་ཕྲག་ ༣༠ ཙམ་ཡོད། བོད་མདོ་སྨད་ཀྱི་ས་ཁུལ་ཁ་ཤས་སུ་ས་འོག་ནས་རྡོའི་དུས་རབས་སྐབས་རྡོ་རིགས་ཐོན་པ་ལ་གཞིགས་ན། ལོ་སྟོང་ཕྲག་ ༣༠ དང་། བོད་དབུས་ཁུལ་ཕལ་ཆེར་ལོ་སྟོང་ཕྲག་ ༧།༨ ཤོད་ཀྱི་འདུག གང་ལྟར། ང་ཚོ་བོད་མི་རིགས་ཟེར་བ་དེ་རྙིང་ཁུངས་ཤིག་ཆགས་ཡོད། ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་ནས་ཞང་ཞུང་སྨར་ཡིག་ཡོད་པ་ཡིན་ན་འདྲ། ཡང་སྙིང་སྲོང་བཙན་སྒམ་པོའི་སྐབས་བོད་ཡིག་གི་ཡིག་གཟུགས་རྒྱ་གར་གྱི་ཡུལ་འགའ་ཤས་ལ་དཔེ་བལྟས་ཏེ། ང་རང་ཚོ་རང་གི་ཡི་གེ་ཆགས་ཡོད། དེ་དང་ཆབས་ཅིག་སངས་རྒྱས་པའི་ཆོས་རྒྱ་གར་ནས་ཐད་ཀར་གདན་ཞུ་གནང་སྟེ། ང་ཚོ་བོད་གངས་ཅན་པ་ཞེས་པར་སོ་སོའི་སྐད་ཡིག་ཟུར་དུ་ཡོད། སྐད་ཡིག་དེའི་ནང་དེང་སང་འཛམ་གླིང་འདིའི་སྟེང་ནང་པ་སངས་རྒྱས་པའི་ཆོས། དཔལ་ན་ལེནྡྲའི་མཁས་པ་ཚོས་མཛད་པའི་ལྟ་སྒོམ་སྤྱོད་གསུམ་དང་ལྟ་གྲུབ། སེམས་ཁམས་རིག་པའི་ཚན་རིག་བཅས་བོད་ཡིག་ནང་ཕྱུག་པོ་ཡོད་པ་དང་། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་ན་ལེནྡྲའི་ཆོས་བརྒྱུད་ཀྱི་སྐོར་བོད་ཡིག་ཕྱུག་ཤོས་ཆགས་འདུག འཛམ་གླིང་འདིའི་ཐོག་ནང་པ་ཕལ་ཆེར་དུང་ཕྱུར་ ༡༠ ཙམ་ཡོད། དེའི་ནང་ན་ལེནྡྲའི་ཆོས་བརྒྱུད་སྐོར་ལ་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་པའི་སྐད་ཡིག་དེ་བོད་པའི་སྐད་ཡིག་གཅིག་པུ་རེད། དེ་ལྟ་བུའི་མི་རིགས་རྙིང་ཁུངས་དང་རིག་གཞུང་ཕྱུག་པོ།
ལྷག་པར་སངས་རྒྱས་ཀྱི་ཆོས་ལྟ་གྲུབ་སྐོར་ལ་ཧ་ཅང་ཕྱུག་པོ་ཡོད་པའི་མི་རིགས་ཤིག་ཆགས་ཡོད། ང་ཚོ་བོད་མི་རིགས་གངས་ཅན་པ་ཟེར་བ་དེ་ལོ་རྒྱུས་ཐོག་སོ་སོར་སྤོབས་པ་དང་ཡིད་ཆེས་བསླེབ་རྒྱུའི་མི་རིགས་ཤིག་ཆགས་ཡོད། དཀའ་ངལ་སྔར་འཕྲད་ཡོད་པ་རེད། ད་ལྟའང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད།
འོན་ཀྱང་ལོ་རྒྱུས་ཐོག་ནས་མི་རིགས་ལ་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་ཞིག་ཆགས་ཡོད་སྟབས། དཀའ་ངལ་ག་རེ་འཕྲད་ཀྱང་བདེན་པའི་ལམ་ནས་སེལ་ཐུབ་པ་ཞིག་དང་རྒྱལ་ཐུབ་པ་ཞིག་ཕལ་ཆེར་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༥ ལྷག་འགྲོ་གི་ཡོད། དུས་ཡུན་དེའི་རིང་བཙན་བྱོལ་ནང་ཡོད་མཁན་ཚོས། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་ཐོག་སོ་སོའི་གནའ་རབས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་པ་བྱས་ཏེ་ཕྱིན་པ་རེད། ཁྱེད་རང་ཚོ་བོད་ཕྲུག་གཞོན་ནུ་ཚོ་མི་རབས་གསར་པ་རེད།
རྒྱ་གར་ནང་སྐྱེས་ཏེ་འཚར་ལོངས་བྱུང་ཡོད། ཁྱེད་རང་ཚོའི་མི་རབས་འདི་ང་ཚོ་བོད་པའི་མི་རིགས་གང་དུ་ཡིན་ཡང་། དུས་ཚོད་འགྲོ་གི་རེད། དཔེར་ན། ཁ་སང་ནི་དྲན་པའི་ཡུལ་ལ་མ་གཏོགས་ཕྱིན་ཟིན་པ་རེད། བཟོ་བཅོས་རྒྱག་རྒྱུ་གང་ཡང་མེད། མ་འོངས་པར་འགྱུར་བ་འགྲོ་བ་ཞིག་དང་འགྱུར་བ་གཏོང་རྒྱུ་ཡོད་པ་ཞིག་རེད། བོད་མི་རིགས་དང་ང་ཚོ་བཙན་བྱོལ་བའི་ཆ་ནས། ཁྱེད་རང་ཚོ་འབྱུང་འགྱུར་གྱི་མི་རབས་ཆགས་ཡོད། མ་འོངས་པར་སོ་སོའི་ཆོས་དང་རིག་གཞུང་དེང་དུས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་ཐོག་འཛིན་ཐུབ་པ་ཞིག་དང་། བོད་ཀྱི་བདེན་མཐའ་གསལ་ཐུབ་བྱེད་རྒྱུ་ཁྱེད་རང་ཚོར་དམིགས་བསལ་འགན་ཡོད་སྟབས། ཁྱེད་རང་ཚོས་སློབ་སྦྱོང་ཐོག་རིག་པ་སྒྲིམ་སྟེ་ཧུར་ཐག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་གང་དུ་ཡོད་ཀྱང་། སོ་སོའི་སྐད་ཡིག་གིས་གཙོས་ཆོས་དང་རིག་གཞུང་ཐོག་དོ་སྣང་བྱས་ཏེ། ང་ཚོ་ལོ་བཅུ་ཕྲག་ལྔ་ལྷག་ཕྱིན་པའི་རིང་ལ་ཚང་མས་ཧུར་ཐག་བྱས་ཏེ་གང་འཚམ་གྲུབ་འབྲས་ཐོན་ཡོད། བོད་མི་བཙན་བྱོལ་བ་ཚོ་སྒྲིག་འཛུགས་ཡོད་པ་ཞིག་དང་། མི་རིགས་ཀྱི་རིག་གཞུང་དང་བཅས་པ་འཛིན་མཁན་ཞིག་ཆགས་ཏེ། ཕལ་ཆེར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། ང་ཚོར་དེ་ལྟ་བུའི་སྙིང་སྟོབས་དང་སྤོབས་པ་བསླེབ་དགོས་པའི་གཙོ་བོ་རྒྱུ་རྐྱེན་ནི་གཞིས་ལུས་རྒྱ་ཆེའི་མི་མང་ཆགས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་ས་ཡ་དྲུག་ཡས་མས་ཤིག་ཡོད་པ་རྣམས་དཀའ་ངལ་དཔག་ཏུ་མེད་པའི་བརྒྱུད་དེ་ཐ་ན་སོ་སོའི་སྲོག་ལ་ཉེན་ཁ་ཡོད་པའི་གནས་སྟངས་རེད།
འོན་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་བྱེད་རྒྱུས་མཚོན་སྐད་ཡིག་དང་རིག་གཞུང་སོ་སོའི་བླ་སྲོག་ལྟ་བུར་བརྩིས་ཏེ་དཀའ་ངལ་ག་ཚོད་ཡོད་ཀྱང་གདོང་ལེན་བྱེད་ཀྱི་ཡོད། དངོས་གནས་བྱས་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་། གྲངས་ཉུང་མི་རིགས་ལ་ཆོས་དང་རིག་གཞུང་། སྐད་ཡིག་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་ཀྱང་། ས་གནས་ལས་བྱེད་པའི་བྱེད་ཕྱོགས་ཐོག་སྐབས་རེ་དམིགས་བསལ་དཀའ་ངལ་འཕྲད་ཀྱི་འདུག འོན་ཀྱང་དཀའ་ངལ་དེ་དག་ལ་གདོང་ལེན་བྱས་ཏེ། བོད་མི་རིགས་ཀྱི་རུས་ཞེན་མ་བརྗེད་པའི་ཐོག་བརླག་མེད་པ་རེད། དེ་ལྟར་གཞིས་ལུས་རྒྱ་ཆེའི་མི་མང་གིས་རྨད་དུ་བྱུང་བའི་སྙིང་སྟོབས་དང་ལྷག་བསམ་ཞུམ་མེད་ཐོག་བསྡད་ཡོད་སྟབས། ང་ཚོ་བཙན་བྱོལ་དུ་སྡོད་མཁན་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་བསམ་པའི་རེ་འདུན་སེམས་ལ་བཅངས་ཏེ། རང་དབང་ལུང་པའི་ནང་རང་དབང་གི་དུས་སྐབས་འདི་ལོངས་སུ་སྤྱད་ནས་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་བདག་པོ་ཡག་པོ་ཞིག་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐབས་རེ་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་སོ་སོའི་སྐད་ཡིག་ཐོག་ལྷོད་གཡེེང་འགྲོ་བ་ལྟ་བུ་དང་། ཉིན་རེའི་འཚོ་བའི་ནང་ཡུལ་དེ་གའི་སྐད་ཡིག་མཁོ་གལ་ཆེན་པོ་ཡིན་སྟབས། ཡུལ་འདི་དང་དེའི་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱས་ཏེ། སོ་སོ་བོད་པའི་སྐད་ཡིག་ཐོག་སྐབས་རེ་ལྷོད་གཡེང་འགྲོ་སྲིད་པ་རེད།
དེ་ལྟར་མ་ཡོང་བ་ཞིང་ང་ཚོས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་སེམས་བཟང་པོ་དང་དྲང་པོ། རྒྱབ་མདུན་ངོ་ལྐོག་མེད་པ། གཞུང་བཟང་པོ་བྱེད་རྒྱུ་ང་ཚོ་བོད་པའི་གོམས་གཤིས་ལ་ཡོད། འཛམ་གླིང་གང་སར་ཡོད་པའི་བོད་མི་བཙན་བྱོལ་བ་ཚོར་ཡུལ་འདི་དང་དེའི་ཡུལ་མིས་བསྔགས་བརྗོད་བྱེད་ཀྱི་འདུག རྒྱ་གར་རྒྱ་བཏིང་ལ་མཚོན་ནའང་། བོད་མིའི་གཞིས་ཆགས་ཉེ་འཁོར་དུ་ཡོད་པའི་ཡུལ་པ་ཚོ་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་རེད། ཚང་མས་བསྔགས་བརྗོད་བྱེད་ཀྱི་འདུག ལ་དྭགས་ཁུལ་ལ་མཚོན་ནའང་། འདི་གར་ངོས་རང་འཇོ་ར་རིག་འཛིན་དང་བཀའ་མོལ་བྱུང་། ཁྱེད་རང་ཚོ་ཡུལ་མི་དང་བོད་མི་བཙན་བྱོལ་བའི་འབྲེལ་བ་གང་འདྲ་ཡོད། ཅེས་དྲིས་སྐབས། ཧ་ཅང་ཡག་པོ་ཡོད་སྐོར་གསུངས་བྱུང་། ང་རང་ཚོ་མི་ཡ་རབས་དང་དྲང་པོ། སྐྱག་རྫུན་མ་བཤད་པ་དང། མགོ་བདེ་དྲན་འཁྲུལ་མ་བྱས་ན་མི་སུ་ཡིན་ཡང་དགའ་པོ་བྱེད་ཀྱི་རེད། སོ་སོས་དྲང་པོ་དྲང་གཞག་དང་ལྷག་བསམ་རྣམ་དག་བྱས་ཏེ། རང་ཉིད་ལ་ཐུབ་ཚོད་བྱེད་མཁན་བྱུང་ན་ང་ཚོས་མཇིང་པར་ཞག་རྩི་བྱུག་ཆོག་གི་རེད། རྩ་བ་སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་དང་མི་ཡ་རབས་སྤྱོད་བཟང་ཚད་ལོངས་བ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་གཞི་རྒྱ་ཆེན་པོ་ཤེས་མ་ཤེས་གང་ལྟར་ཡང་། བསླབ་བྱ་སྙིང་པོ་མི་བཟང་པོ་དང་མི་ལ་ཕན་སེམས་བྱས་ན་ཕྱི་གསལ་ནང་གསལ་ཡོང་ཐུབ་ཀྱི་རེད། ཕྱི་གསལ་ནང་གསལ་བྱས་ན་གྲོགས་པོ་མང་པོ་ཡོང་གི་རེད། སོ་སོར་དབང་དང་དཔལ་འབྱོར། ཤེས་ཡོན་ཡོད་ཀྱང་ཕྱི་གསལ་ནང་གསལ་མེད་པར་རྐྱང་སྐུམ་བྱས་ན་མིས་ཡིད་ཆེས་བྱེད་ཀྱི་མ་རེད།
ང་ཚོ་མིའི་སྤྱི་ཚོགས་ནང་བསྡད་ཡོད་པར་བརྟེན་གྲོགས་པོ་དགོས་པ་རེད། གྲོགས་པོ་ཡོང་བར་ཡིད་ཆེས་དགོས། ཡིད་ཆེས་ཡོང་བར་ཕྱི་གསལ་ནང་གསལ་དང་ལྷག་བསམ་རྣམ་དག་བྱས་ན་གྲོགས་པོ་ཡོང་གི་རེད། དེ་ཁྱེད་རང་ཚོས་སེམས་ལ་འཇོག་དགོས། ལྷག་པར་དེ་རིང་འདིར་རྒན་རྒོན་མང་པོ་ཞིག་འདུག མི་ཚེ་རིང་པོ་བསྡད་དེ་མཇུག་ཏུ་རྒན་རྒོན་ཆགས་རྒྱུ་ཆོས་ཉིད་རེད། ངོས་རང་ལ་མཚོན་ན། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཡོང་སྐབས་ལོ་ ༢༤ དང་ ༢༥ ཞིག་རེད། ད་ལྟ་ལོ་བརྒྱད་ཅུའི་མཚམས་ལ་བསླེབ་འགྲོ་གི་ཡོད། ངོས་ཀྱང་རྒན་རྒོན་གྱི་གྲས་སུ་བསླེབས་ཡོད། འོན་ཀྱང་ང་རང་ཚོའི་སངས་རྒྱས་པའི་ཆོས་རྒྱ་གར་གྱི་ཆོས་བརྒྱུད་མང་པོ་ཞིག་གི་ཐོག་ནས་རྣམ་པར་ཤེས་པའི་རྒྱུན་ལ་ཐོག་མ་མེད་ཅེས་དང་། རྟག་གཅིག་རང་དབང་འདོད་པའི་བདག་དེ་ཐོག་མ་མེད་པ་ནས་ཡོད། ཅེས་སྐྱེ་བ་སྔ་ཕྱི་ཤོད་ཀྱི་ཡོད། སངས་རྒྱས་ཆོས་ཀྱི་ངོས་ནས་ཀྱང་སྐྱེ་བ་སྔ་ཕྱི་ཡོད་པ་ཤོད་ཀྱི་ཡོད། སྐྱེ་བ་སྔ་ཕྱིའི་ཡོད་པའི་རྟགས་མཚན་ནི་སྐྱེ་བ་སྔོན་མ་དྲན་མཁན་ཡོང་གི་ཡོད་པར་བརྟེན། སྐྱེ་བ་སྔ་ཕྱིའི་ཡོད་པ་གསལ་པོ་རེད།
ང་ཚོ་མི་ཚེ་རྫོགས་ལ་ཉེ་བ་ཡོད་ཀྱང་། སྐྱེ་བ་ཕྱི་མར་བསམ་བློ་གཏོང་རྒྱུ་ཡོད། རྒན་རྒོན་ཚོས་གང་ཐུབ་ཀྱིས་སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་ཐོག་ནས་གང་ཐུབ་ཀྱིས་སྐྱབས་འགྲོ་དང་སེམས་བསྐྱེད་ལ་བསམ་བློ་ཡག་པོ་བཏང་སྟེ་མ་ཎི་བགྲང་དགོས། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་ཡིན་པར་བརྟེན་དམིགས་བསལ་གྱི་ལས་འབྲས་ཡོད། མ་ཎི་ཁ་ནས་བགྲང་བ་ལས་བསམ་བློ་གཏོང་རྒྱུ་མེད་ན་དེ་ཙམ་གྱིས་ནུས་པ་མེད། དེར་བརྟེན་སངས་རྒྱས་ཆོས་ཚོགས་མའི་སྟེང་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་དོན་བློར་གང་ཐུབ་ཤར་བ་བྱས་ཐོག་མ་ཎི་ཡག་པོ་གསོག་སྒྲུབ་བྱེད་དགོས། སོ་སོ་བོད་ཁ་བ་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་སུ་སྐྱེས་པ་རེད། ག་ཚོད་མིན་འདུག་བརྗོད་ཀྱང་ཞར་དང་ཞོར་ལ་དགེ་བ་བསྒྲུབ་རྒྱུ་ཞིག་བྱུང་ཡོད། དགེ་བ་གང་བསྒྲུབ་པ་དེས་སྐྱེ་བ་རྗེས་མར་སྐྱེ་གནས་བཟང་པོ་ཞིག་ཡོང་ཐུབ་པ་དང། ཁྱེད་རང་ཚོ་མང་ཆེ་བ་སོ་སོའི་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་ཡོད་སྟབས། ཕལ་ཆེར་བོད་པའི་ནང་སྐྱེས་མདོག་ཁ་པོ་རེད། མི་གསར་པ་ཞིག་གིས་ལུས་བླངས་ཏེ་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་དོན་བསྒྲུབ་ཐུབ་རྒྱུར། ཁྱེད་རང་ཚོས་སྨོན་ལམ་བརྒྱབ་སྟེ་དགེ་བ་བསྔོ་བ་སོགས་བྱས་ན་ཡག་པོ་ཡོང་གི་རེད། བློ་བདེ་པོ་བྱས་ཏེ་སྡོད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། །