༢༠༡༤ ཟླ་ ༧ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱིས་མཚོན་མཛད་འཕྲིན་གཞན་ཁག་ལེགས་པར་གྲུབ་རྗེས། ལྡི་ལི་ནས་མཁའ་ལམ་བརྒྱུད་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། རྒྱ་གར་གྱི་ཨ་ཡི་བི་ཨེན་(IBN)གསར་ཁང་གིས་མགོན་པོ་གང་ཉིད་མཆོག་ལ་འདས་པའི་ཉིན་ཤས་ནང་ཨི་སི་རེལ་དང་པེ་ལེ་སི་ཊེན་གཉིས་ཀྱི་དབར་འཁྲུག་རྩོད་བྱུང་ཡུལ་གྷ་ཛ་ནང་གི་ཛ་དྲག་གནས་སྟངས་ཐད་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། གནས་ཚུལ་འདི་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཁ་ཆེ་དང་། ཡི་ཤུ། ཧིན་དྷུ། ནང་པ་སོགས་འཛམ་གླིང་འདིའི་ནང་གི་ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བ། འཁོན་འཛིན་སྤང་རྒྱུ། བཟོད་བསྲན་གྱི་ཉམས་ལེན་སྐོར་གསུང་བཞིན་ཡོད། དེ་བཞིན་ཆོས་དད་ཁས་ལེན་མཁན་གྱི་མི་ཞིག་གིས་དྲག་པོའི་ལས་ལ་འཇུག་པ་ནི་ཧ་ཅང་བློ་ཕམ་པོ་རེད། ཅེས་བཀའ་ལན་སྩལ་འདུག
རྩ་བའི་ཁ་ཆེ་དཀྱིལ་ཤར་རྒྱལ་ཁབ་ཨི་སི་རེལ་དང་པེ་ལེ་སི་ཊེན་ཕྱོགས་གཉིས་ཀྱི་དབར་འཁྲུག་རྩོད་དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནས་བྱུང་མུས་ཡིན་ཞིང་། ཐེངས་འདིའི་འཁྲུག་རྩོད་ནི་ཟླ་བ་འདིའི་ཚེས་ ༨ ནས་འགོ་བཙུགས་ཡོད། དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། པེ་ལེ་སི་ཊེན་གྱི་མི་མང་དྲུག་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་ཨི་སི་རེལ་ཕྱོགས་ཀྱི་དམག་མི་ཉི་ཤུ་རྩ་དགུའི་ཚེ་སྲོག་ཤོར་ཡོད་འདུག